ཙུང་ལི་ལི་ཁེ་ཆང་གསར་འགོད་པའི་ཚོགས་འདུར་ཞུགས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།
ཚེས་11ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེ་མོར་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ཀྲང་ཡེ་སུའེ་ཡི་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གསར་འགོད་པའི་ཚོགས་འདུར་ཞུགས་ནས་ཀྲུང་ཕྱིའི་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ་རེད།
སྟབས་བསྟུན་ལས་ཞུགས་མི་སྣའི་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་དགོས།
ལས་ཞུགས་ཀྱི་གནད་དོན་ལ་ལན་བསྐྱོན་སྐབས་ལི་ཁེ་ཆང་གིས་འདི་ལོ་ང་ཚོས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་འཕར་གྱི་དམིགས་ཚད་མི་ཁྲི་1100ཡན་ཟིན་པའི་གཏན་འཁེལ་བྱས་ཡོད། དོན་དངོས་ལག་བསྟར་བྱེད་པའི་ཁྲོད་ད་དུང་དེ་བས་མཐོ་ཙམ་ཟིན་པའི་རེ་བ་ཡོད། ཕྱོགས་གཅིག་ནས་བལྟོས་བཅས་ཀྱིས་བརྟན་པའི་ལས་ཞུགས་ལས་གནས་མང་དུ་གཏོང་རྒྱུར་མུ་མཐུད་སྐུལ་ལྕག་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སྟབས་བསྟུན་གྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། ད་ཆ་ཀྲུང་གོའི་སྟབས་བསྟུན་ལས་ཞུགས་དར་རྒྱས་འགྲོ་བཞིན་ཡོད་པ་དེ་མི་དུང་ཕྱུར་གཉིས་ལྷག་ཙམ་དང་འབྲེལ་བ་ཡོད། མི་འགའ་ཤས་ཀྱིས་མི་གཅིག་གིས་ལས་ཀ་མི་འདྲ་བ་ཁ་ཤས་བྱེད་ཀྱི་ཡོད་པས་དངོས་འབྲེལ་དཀའ་ལས་ཁག་པོ་རེད། དེར་བརྟེན་ང་ཚོས་ངེས་པར་དུ་ཁོང་ཚོར་སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སྤྲོད་དགོས་པ་དང་། ལྷག་པར་དུ་ལམ་སྲོལ་རང་བཞིན་གྱི་བྱེད་ཐབས་སྤྱད་ནས་ཐོན་སྲིད་པའི་ལས་རྨས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ཁོང་ཚོའི་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།
འདི་ལོའི་GDPཡི་དམིགས་ཚད་6%ཡན་འཕར་བ་བྱེད་རྒྱུ་ནི་འཆར་གཞི་བཀོད་པ་ཞིག་མིན་པར་དེ་ནི་སྔོན་དཔག་ལ་ཁྲིད་སྟོན་བྱས་པ་ཞིག་ཡིན།
དཔལ་འབྱོར་གྱི་གནད་དོན་ལ་ལན་བསྐྱོན་སྐབས་ལི་ཁེ་ཆང་གིས་ང་ཚོས་6%ཡན་འཕར་བ་བྱེད་རྒྱུ་ཡིན་ཞེས་ཤོད་ཀྱི་ཡོད། འོན་ཀྱང་6%ནི་དམའ་པོ་ཞིག་གཏན་ནས་མིན། ད་ཆ་ང་ཚོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་100ཟིན་པ་དང་། འཕར་ཚད་6%ནི་སྒོར་དུང་ཕྱུར་ཁྲི་6རེད། ང་ཚོས་འཆར་གཞི་བཀོད་པ་ཞིག་མིན་པར་དེ་ནི་སྔོན་དཔག་ལ་ཁྲིད་སྟོན་བྱས་པ་ཞིག་ཡིན། སྔོན་དཔག་ལ་ཁྲིད་སྟོན་བྱེད་པ་དེ་ནི་དཔལ་འབྱོར་སླར་གསོ་དང་འཕར་ཚད་བརྟན་པོ་ཡོང་བའི་རྨང་གཞིའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱུན་སྲིང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། ལྷག་པར་དུ་ཕྱི་ལོ་དང་གནངས་ལོའི་དམིགས་ཚད་དང་སྦྲེལ་མཐུད་བྱས་ཏེ་འཕར་ཆག་ཆེན་པོ་མི་ཡོང་བ་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཁྲོམ་རའི་སྔོན་དཔག་ཟང་ཟིང་ཆགས་སྲིད། སྐབས་ཤིག་རིང་འཕེལ་རྒྱས་མགྱོགས་པོ་ཕྱིན་ཀྱང་འཕེལ་རྒྱས་བརྟན་པོ་ཡོང་བའི་ངེས་པ་མེད། གལ་སྲིད་འཕེལ་རྒྱས་བརྟན་པོ་བྱུངཚེ་གཞི་ནས་གོམ་པ་ནུས་ལྡན་ཞིག་སྤོ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
འདི་ལོ་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས།
སྨན་བཅོས་བདེ་ཐང་སྐོར་ལ་ལན་བསྐྱོན་སྐབས་ལི་ཁེ་ཆང་གིས་བདེ་ཐང་ནི་བདེ་སྐྱིད་ཀྱི་རྨང་གཞི་ཡིན་ལ། ཐོན་སྐྱེད་ནུས་ཤུགས་ཀྱང་ཡིན། ད་ཆ་རྫོང་དང་ཤང་གི་གཞི་རིམ་སྨན་བཅོས་སྒྲིག་གཞི་དང་སྟོབས་ཤུགས་ད་དུང་ཅུང་ཉམས་ཞན་ཡིན་པས། མི་མང་པོ་ཞིག་ནད་གཞི་ཕོག་ཚེ་གྲོང་ཁྱེར་ཆེ་གྲས་དང་སྨན་ཁང་ཆེ་གྲས་ལ་ནད་གཞི་ལྟ་བར་འགྲོ་ཡི་ཡོད། འདི་ལོ་ང་ཚོས་བྱེད་ཐབས་སྣ་མང་སྤྱད་དེ་རྫོང་དང་ཤང་གི་སྨན་ཁང་དང་འཕྲོད་བསྟེན་ཁང་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ། སྒོ་བསྟེན་སྨན་བཅོས་ཀྱི་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུའི་ཁྱབ་ཁོངས་དང་། རྒྱུན་ཐོན་ནད་གཞིའི་སྨན་རྫས་ཀྱི་འགྲོ་གྲོན་རྩིས་ཞུའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། སྨན་རྫས་དང་རིན་ཐང་མཐོ་བའི་སྨན་སྤྱོད་རྒྱུ་ཆའི་རིན་གོང་སོགས་དམའ་རུ་བཏང་ནས། དེ་དག་ཚང་མར་མང་ཚོགས་ཚོར་མྱོང་ཚོར་ཏན་ཏིག་ཐུབ་པའི་བྱེད་ཐབས་སྤྱོད་དགོས། མདོར་བསྡུས་ནས་བརྗོད་ན། མང་ཚོགས་ལ་ནད་གཞི་ལྟ་བར་སྟབས་བདེ་མང་ཙམ་སྐྲུན་པ་དང་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས། དེ་ཡང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་རྒྱུ་བཀག་འགོག་བྱེད་པར་ཡང་ཕན་པ་ཡོད།
འདི་ལོ་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་ཞུ་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་པ་དང་། ཕྱི་ལོའི་ལོ་མཇུག་གོང་རྫོང་ཚང་མས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་རེ་གཏན་འཁེལ་བྱེད་དགོས། དེ་ལྟར་བྱས་ཚེ། སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཚུད་པའི་སྨན་བཅོས་འགྲོ་གྲོན་ཐད་ཀར་རྩིས་ཞུ་ཐུབ་ནས་རྒན་རྒོན་ཚོས་དེའི་ཐད་སླར་ཡང་སེམས་ཁྲལ་བྱེད་དགོས་མེད་པར་འགྱུར་སྲིད། སྲིད་གཞུང་གི་ལས་དོན་མི་སྣས་ལས་དོན་མང་ཙམ་བསྒྲུབས་ན་རྒན་རྒོན་དང་ཁྱིམ་ཚང་ལ་དྲོ་སྐྱིད་དེ་བས་མང་བ་སྦྱིན་ཐུབ་ཅེས་གསུངས་པ་རེད།
རྒན་གསོ་བུ་བཅོལ་ཐད་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་དགོས་ལ་དྲོ་སྐྱིད་ཀྱང་དེ་བས་མང་བ་སྦྱིན་དགོས།
རྒན་གསོ་བུ་བཅོལ་སྐོར་ལ་ལན་བསྐྱོན་སྐབས་ལི་ཁེ་ཆང་གིས་སྲིད་གཞུང་གིས་ད་དུང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲིད་སྟོན་བྱས་ནས་སྡེ་ཁུལ་གྱི་ཞབས་ཞུའི་ལས་རིགས་གཉེར་ཏེ། ཁྲལ་བསྡུ་སོགས་ཐད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་གང་ཐུབ་བྱས་ནས། རྒན་གསོ་བུ་བཅོལ་ཐད་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་དགོས་པ་མ་ཟད། དྲོ་སྐྱིད་དེ་བས་མང་བའང་སྦྱིན་དགོས། མདོར་བསྡུས་ནས་བརྗོད་ན། དམངས་འཚོའི་ཐད་ལས་དོན་མང་པོ་ཞིག་ཡོད་པས། ང་ཚོས་འཕེལ་རྒྱས་གཏོང་རིང་དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས། ང་ཚོས་ད་ལྟ་ལག་བསྟར་བྱེད་བཞིན་པ་ནི་ཁྱབ་རྒྱ་ཆེ་ཤོས་དང་གཞི་རྩ་འགན་སྲུང་གི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཤིག་རེད། གཞི་རྩ་འགན་སྲུང་བྱེད་པར་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པ་མ་ཟད། ད་དུང་གཙོ་གནད་མངོན་གསལ་དོད་དུའང་གཏོང་དགོས། མི་ཚང་མ་དང་། རྒྱལ་ཁབ། མི་རིགས་ཀྱི་འབྱུང་འགྱུར་བཅས་དང་འབྲེལ་བ་ཡོད་པའི་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས་ཐད་རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས་ཞེས་གསུངས་པ་རེད།
“རྒྱལ་གཅེས་མི་སྣས་ཤང་ཀང་སྐྱོང་རྒྱུ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།
ཤང་ཀང་གི་གནད་དོན་སྐོར་ལ་ལན་བསྐྱོན་སྐབས་ལི་ཁེ་ཆང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” ཚད་མཐོའི་རང་སྐྱོང་གི་མཛད་ཕྱོགས་བཅས་མུ་མཐུད་དང་། ཕྱོགས་ཡོངས། གནད་འཁེལ་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་དགོས་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ནས་ལས་དོན་སྒྲུབ་དགོས་པ། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་དགོས་པ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་དཔོན་གྱིས་ཁྲིམས་བཞིན་སྲིང་སྐྱོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་པ་བཅས་ང་ཚོས་ཁ་གསལ་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཤང་ཀང་གི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་གཏན་འབེབས་བྱས་པ་དང་། གཏན་འབེབས་ཁ་གསལ་བྱས་དོན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “རྒྱལ་གཅེས་མི་སྣས་ཤང་ཀང་སྐྱོང་རྒྱུ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་ཞིག་རེད་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བརྟན་ལ་ཡུན་རིང་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་པ་ཞིག་ཀྱང་རེད། ན་ནིང་ཤང་ཀང་ལ་རྡབ་རྡེག་མང་པོ་ཕོག་པས། ང་ཚོས་ཤང་ཀང་གི་ལས་རིགས་ཁག་དང་ལག་གདང་སྦྲེལ་ནས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་བར་བྱས་ཏེ། དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕར་བ་དང་། དམངས་འཚོ་ལེགས་གཏོང་། ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱེད་དགོས་པའི་རེ་བ་ཡོད། ཀྲུང་དབྱང་སྲིད་གཞུང་གིས་དེའི་ཐད་ནུས་ཤུགས་ཡོད་རྒུས་མུ་མཐུད་རྒྱབ་སྐྱོར་བྱེད་ངེས་ཞེས་གསུངས་པ་རེད།
ཚན་ཞིབ་མི་སྣའི་རྩ་ཆེའི་དུས་ཚོད་རེའུ་མིག་རྒྱོང་རྒྱུའི་ཐད་འཇོག་མི་རུང་།
ཚན་ཞིབ་གནད་དོན་སྐོར་ལ་ལན་བསྐྱོན་སྐབས་ལི་ཁེ་ཆང་གིས་མིག་སྔར་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་སྤེལ་ལ་སྤྱད་པའི་མ་དངུལ་གྱིས་GDPཡི་ནང་བཟུང་བའི་བསྡུར་ཚད་མཐོ་པོ་མེད། གོམ་སྟབས་རྗེས་མར་རྨང་གཞིའི་ཞིབ་འཇུག་གི་གཏོང་ཆ་གཏོང་ཤུགས་མང་དུ་གཏོང་དགོས་པ་མ་ཟད། ད་དུང་ཚན་རྩལ་ལམ་སྲོལ་མུ་མཐུད་སྒྱུར་བཅོས་ཀྱང་བྱེད་དགོས། ཚན་ཞིབ་མི་སྣར་འགྲོ་གྲོན་བེད་སྤྱོད་བྱེད་པའི་རང་བདག་དབང་ཆ་ལྡན་པར་བྱེད་དགོས་པ་ལས། ཚན་ཞིབ་མི་སྣའི་རྩ་ཆེའི་དུས་ཚོད་རེའུ་མིག་རྒྱོང་བ་དང་དཔྱད་བསྡུར་སོགས་ཀྱི་ལས་དོན་ཐོག་འཇོག་མི་རུང་། ཁོང་ཚོ་བློ་རྩེ་གཅིག་སྒྲིམ་ངང་ཞིབ་འཇུག་གི་ལས་ལ་གཞོལ་དུ་འཇུག་དགོས་ཞེས་གསུངས་པ་རེད།
སྲིད་དོན་ཞབས་ཞུ་དྲ་ཐོག་ནས་གཉེར་བ་དང་། ལག་ཐོགས་ཁ་པར་ནས་གཉེར་བ། ཐེངས་གཅིག་ནང་གཉེར་བ་བཅས་བྱེད་ཐུབ་པ་བྱེད་དགོས།
སྲིད་དོན་ཞབས་ཞུའི་སྐོར་ལ་ལན་བསྐྱོན་སྐབས་ལི་ཁེ་ཆང་གིས་སྲིད་གཞུང་གིས་སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས་། སྲིད་དོན་ཞབས་ཞུའི་ཁྲོད་ཀྱི་ཁེ་ལས་དང་མི་དམངས་མང་ཚོགས་ཀྱི་རྒྱུན་དུ་སྒྲུབ་དགོས་པའི་ལས་དོན་དང་འབྲེལ་བ་ཡོད་རིགས་དྲ་ཐོག་ནས་གཉེར་བ་དང་། ལག་ཐོགས་ཁ་པར་ནས་གཉེར་བ། ཐེངས་གཅིག་ལ་གཉེར་བ་བཅས་བྱེད་ཐུབ་པ་བྱས་ནས། ཁྲོམ་རའི་བྱེད་པོར་དེ་བས་ཆེ་བའི་གསོན་ཤུགས་དང་སྤྱི་ཚོགས་ལ་གསར་གཏོད་ནུས་པ་ལྡན་པར་བྱེད་དགོས་ཞེས་གསུངས་པ་རེད།
རྫོང་དང་ཤང་གི་དགེ་རྒན་གསོ་སྦྱོང་གི་གཏོང་ཆ་མང་དུ་བཏང་ནས་ཞིང་པ་ལས་མིའི་བུ་ཕྲུག་ལ་སློབ་གསོའི་གོ་སྐབས་གཏོད་དགོས།
སློབ་གསོའི་གནད་དོན་སྐོར་ལ་ལན་བསྐྱོན་སྐབས་ལི་ཁེ་ཆང་གིས་སློབ་འབྲིང་སློབ་སྤྱི་ཞིག་གིས་བརྗོད་དོན། ད་ཆ་རྫོང་དང་ཤང་གི་སློབ་འབྲིང་ལ་ད་དུང་སྤུས་ལེགས་དགེ་རྒན་གྱི་ཐོན་ཁུངས་དཀོན་པ་དང་། དགེ་རྒན་གྱི་ཐོབ་ཐང་མཐོ་པོ་མེད་པ། སློབ་རྒྱུས་ཀྱང་མཐོ་རུ་གཏོང་དཀའ་བ་བཅས་ཀྱི་གནད་དོན་ལྷག་ཡོད། འདི་ལོ་ང་ཚོས་སེམས་ཐག་བཅད་ནས། རྫོང་དང་ཤང་གི་དགེ་རྒན་གསོ་སྦྱོང་གི་གཏོང་ཆ་མང་དུ་བཏང་སྟེ། ཁོང་ཚོས་ལས་གནས་ཐོག་སློབ་རྒྱུས་མཐོ་རུ་གཏོང་རྒྱུར་སྟབས་བདེ་བསྐྲུན་རྒྱུ་དང་ལག་རྩལ་གོ་མིང་དཔྱད་འདེམས་ལ་གཟིགས་སྐྱོང་སྲིད་ཇུས་སྤྱོད་རྒྱུ་ཡིན། གྲོང་ཁྱེར་དུ་ཡོད་པའི་ཞིང་པ་ལས་མིའི་བུ་ཕྲུག་ལ་གནས་སྡོད་ལག་ཁྱེར་ཡོད་ཚེ་ཁོང་ཚོར་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་བརྩོན་ལེན་བྱེད་ངེས་ཡིན། ཁྱིམ་ཚང་གི་འཁྱེར་འཁོས་དང་ས་ཁོངས་མི་འདྲ་བའི་རྐྱེན་གྱིས་ཕྲུ་གུ་འགོ་འཛུགས་ས་དང་པོ་ནས་རྗེས་སུ་མ་ལུས་པ་བྱེད་དགོས། གོ་སྐབས་དྲང་གཞག་ཁྲོད་སློབ་གསོ་དྲང་གཞག་ནི་དྲང་གཞག་ཆེ་ཤོས་ཤིག་ཡིན་ཞེས་གསུངས་པ་རེད།
འགན་འཁུར་རྩོམ་སྒྲིག་པ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣