ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་དམིགས་པ་དང་། ནུབ་རྒྱུད་ཀྱི་ལྟེ་བའི་ཁུལ་ལ་ཇུས་བཀོད་བདག་གཉེར་བྱེད་པ། ས་ཁོངས་ཀྱི་བཀོད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བཏོན་གནང་བའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེས་སི་ཁྲོན་གྱིས་གོ་སྐབས་དམ་འཛིན་ནན་པོ་དང་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་མཉམ་འདྲེས་ཐུབ་རྒྱུར་འཐབ་ཇུས་ཀྱི་སྣེ་ཁྲིད་བྱས་ཡོད། ང་ཚོས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་དཔལ་འབྱོར་ལྟེ་གནས་གལ་ཆེན་དང་། ཚན་རྩལ་གསར་གཏོད་ལྟེ་གནས། སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ། སྤུས་ཚད་མཐོ་བའི་སྡོད་མལ་ཁུལ་བཅས་བསྐྲུན་རྒྱུར་དམ་པོར་དམིགས་པ། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཕར་སྣེ་གལ་ཆེན་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པའི་དམིགས་ཚད་ངེས་གནས་གཏོད་པ། སི་ཁྲོན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དང་དེ་བཞིན་2035ལོའི་རྒྱང་རིང་གི་དམིགས་ཚད་ཇུས་འགོད་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ནུས་པ་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་ཏན་ཏིག་བསྒྱུར་བ་བྱས་ཡོད།
འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ལོ་ཡིན་ལ། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལེགས་སྒྲུབ་བྱས་ནས་ཕན་འབྲས་ཐོན་པའི་ལོ་ཡང་ཡིན། ལོ་ལྔའི་ལོ་དང་པོར་ལྟ་དགོས་པས་འདི་ལོ་ནི་འགག་རྩ་ཡིན། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་ཁྱེར་གཉིས་ཀྱི་ཁྲིད་སྟོན་མངོན་གསལ་དོད་དུ་གཏོང་བ། ཁུལ་གཉིས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁུལ་གཉིས་མཐུན་སྦྱོར་ཡོང་རྒྱུར་སྐུལ་འདེད་གཏོང་བ། གཙོ་གནད་ལས་འགན་ལ་དམིགས་པ་བཅས་བྱས་ནས། ཏན་ཏན་ཏིག་ཏིག་གི་ལས་ཀའི་ཕན་འབྲས་དང་ཤེས་ཚོར་ཐུབ་པའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཡོང་བ་བྱ་རྒྱུ་ཡིན།
ཞིབ་ཕྲའི་ལས་དོན་ཁྲོད་དོན་དག་ཁག་དྲུག་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་སྣེ་ཁྲིད་གཙོ་རྐང་ལ་དམ་འཛིན་བྱེད་དགོས། ཁྲེང་ཏུའུ་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་སྤྱི་གླིང་གྲོང་ཁྱེར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། ཁྲེང་ཏུའུ་དང་། ཏེ་དབྱང་། མེ་ཧྲན། ཙེ་དབྱང་བཅས་གྲོང་གཅིག་ཅན་དང་ཁྲེང་ཏུའུ་ཐང་གཤོང་དཔལ་འབྱོར་ཁུལ་གྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྲེང་ཏུའུ་གྲོང་ཚོམ་གྱི་ཡུག་འབྲེལ་གྲོང་ཚོགས་འཛུགས་སྐྲུན་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁྲེང་ཏུའུ་ཡི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་པ་དང་། གཉིས་ནས་ལྷོ་བྱང་ཁུལ་གཉིས་ལ་དམ་འཛིན་བྱེད་དགོས། སི་ཁྲོན་ལྷོ་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱིས་ཐོན་ལས་དང་། འགྲིམ་འགྲུལ། སློབ་གསོ། སྨན་བཅོས་སོགས་ཀྱི་ལེགས་ཆའི་ཁྱབ་ཁོངས་གཙོ་གནད་ཐོག་སྟོབས་ཆེར་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་སྣེ་གཉིས་པ་གཏོད་དགོས་པ་དང་། སི་ཁྲོན་བྱང་ཤར་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱིས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་གྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནས་རྨང་གཞིའི་སྒྲིག་བཀོད་ལ་དམ་འཛིན་བྱེད་དགོས། ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་བསྐྲུན་ནས་བེད་སྤྱོད་གཏོང་ཉེར་ཡོད་པ་དང་། ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་ལམ་དྲ་གཙོ་བོ་མགྱོགས་མྱུར་བསྐྲུན་ནས་སི་ཁྲོན་ནས་སྒྲོལ་བ་དང་རྒྱ་མཚོ་ལས་སྒྲོལ་བའི་བགྲོད་ལམ་ཆེན་པོ་གཏོད་དགོས་པ། བཞི་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིམ་གཉིས་ཁུལ་གསར་ལ་དམ་འཛིན་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་ལ་དམ་པོར་དམིགས་པ་དང་། “ཁུལ་རེར་ཐབས་ཇུས་རེ”བཞིན་ལེ་ལག་ཚང་བའི་སྲིད་ཇུས་དང་བྱེད་ཐབས་བཟོས་ཏེ། འགོ་འཛུགས་ས་མཐོ་པོ་ནས་འཆར་འགོད་བྱེད་པ་དང་། ཚད་གཞི་མཐོ་པོས་བསྐྲུན་པ། ཆུ་ཚད་མཐོ་པོས་གཉེར་སྐྱོང་བྱེད་པ། སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་པ། ལྔ་ནས་ས་འབྲེལ་མཉམ་ལས་ལ་དམ་འཛིན་བྱེད་དགོས། དབན་ཏས་སི་ཁྲོན་དང་ཁྲུང་ཆིང་དུ་གཉེར་བའི་སྤྱི་འདོམས་འཕེལ་རྒྱས་དཔེ་སྟོན་ཁུལ་དང་། སི་ཁྲོན་ལྷོ་རྒྱུད་དང་ཁྲུང་ཆིང་ནུབ་རྒྱུད་ཀྱི་མཉམ་འདྲེས་འཕེལ་རྒྱས་ཚོད་ལྟ་ཁུལ། སི་ཁྲོན་དང་ཁྲུང་ཆིང་ཀའོ་ཀྲུའུ་ཁུལ་གསར་སོགས་བསྐྲུན་རྒྱུར་དངོས་སྒྲུབ་སྐུལ་འདེད་གཏོང་དགོས་པ། དྲུག་ནས་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་དམ་འཛིན་བྱེད་དགོས། སི་ཁྲོན་དང་ཁྲུང་ཆིང་གི་ཐོན་ལས་འཁོར་འབྲེལ་དང་གསར་གཏོད་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ནུབ་རྒྱུད་ཚན་རིག་གྲོང་དང་། ནུབ་རྒྱུད་དངུལ་རྩའི་ལྟེ་གནས། པ་ཧྲུའུ་རིག་གནས་ཡུལ་སྐོར་བར་ཁྱམས་བཅས་མཉམ་དུ་སྐྲུན་དགོས་པ་དང་། མཐུན་སྦྱོར་ཁྲིམས་འཛུགས་དང་མཉམ་འབྲེལ་ཁྲིམས་བསྟར་བྱས་ནས་འབྲི་ཆུའི་སྟོད་རྒྱུད་ཀྱི་ས་ཁོངས་སྒྲོལ་བའི་གཙང་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཐུན་མོང་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ། སྲིད་དོན་ཞབས་ཞུའི་བྱ་བ་ཀུན་སྒྲུབ་དང་དམངས་འཚོའི་སྲིད་ཇུས་མཉམ་སྤྱོད་བྱེད་རྒྱུར་སྔར་བས་སྐུལ་འདེད་བཏང་ནས། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ། རོགས་སྐྱོབ་སོགས་ཀྱི་དམངས་འཚོའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་བསྐྲུན་ནས་དེ་བས་ལེགས་པའི་ངང་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས།