བསྟན་པ་ནི་སོག་རྫོང་ལྕམ་མདའ་ཤང་གི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་ཞིག་རེད། དེ་སྔ་རྩལ་ནུས་མི་ཤེས་པས་ཕྱུག་པོའི་ལམ་དུ་སྐྱོད་པར་འགོག་རྐྱེན་འཕྲད།
2015ལོར་བསྟན་པ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་བཅུག རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག བསྟན་པས་འདོན་འཇུག་འཕྲུལ་འཁོར་ཞིག་ཉོས་ནས་ཁྱིམ་གྱི་ཉེ་འཁོར་གྱི་ཨར་སྐྲུན་བྱ་ཡུལ་དུ་ལས་ཀ་བྱས་པ་མ་ཟད། ད་དུང་གྲོང་ཚོའི་ནང་ཟ་ཁང་ཞིག་བཙུགས་པས་2018ལོར་ཁྱིམ་གྱི་དབུལ་ཞྭ་ཕུད་ཡོད།
“རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལ་བརྟེན་ནས་ང་ལ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང”ཞེས་བསྟན་པས་གསར་འགོད་པར་བརྗོད། 2017ལོར་ཁོང་གི་བཟའ་ཟླར་ཕྲུ་གུ་གསུམ་པ་དེ་སྐྱེས་པས་ཁྱིམ་ཚང་གི་འཚོ་བའི་ཁུར་པོ་དེ་བས་ལྕི་རུ་ཕྱིན་པ་དང་། བསྟན་པ་བཟའ་ཚོ་གཉིས་ཀྱིས་ལོ་འཁོར་མོར་དཀའ་ལས་ག་ཚོད་བརྒྱབ་ཀྱང་འཚོ་བའི་འཁོས་ཀ་འཕྱིས་ཙམ་ལས་མེད།
བསྟན་པའི་ཁྱིམ་ཚང་གི“དབུལ་པོའི་རྩ་བ”དྲུངས་ནས་འབྱིན་ཆེད། རྫོང་དང་ཤང་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གིས་བསྟན་པ་ལྷ་སར་འདོན་འཇུག་འཕྲུལ་འཁོར་སྦྱོང་བར་མངགས། གསོ་སྦྱོང་བྱས་ནས་ཚུར་ལོག་རྗེས། བསྟན་པས་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་གཡར་ནས་ཉིས་བརྒྱུད་འདོན་འཇུག་འཕྲུལ་འཁོར་གཅིག་ཉོས་ཏེ་ཤང་གི་དབུལ་སྐྱོར་ཀུང་སིའི་ས་ཕག་བཟོ་གྲྭར་ལས་ཀ་བྱས། ལས་ཀར་རིམ་བཞིན་རྒྱུས་མངའ་ལོན་རྗེས། བསྟན་པས་ད་དུང་དབུལ་སྐྱོར་དུད་ཚང་གཞན་དག་ལས་ཡུལ་དུ་ལས་ཀ་ངོ་སྤྲོད་བྱས་ཏེ། ངལ་ནུས་དབུལ་པོ་3གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད།
རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་བྱུང་བའི་གྲུབ་འབྲས་ལོངས་སྤྱོད་ཐུབ་རྗེས། བསྟན་པས་ཕྱུག་འགྱུར་གྱི་ཐབས་ལམ་གཞན་དག་ལ་སྔར་བཞིན་མནོ་བསམ་གཏོང་གི་ཡོད་ཅིང་། རང་ཉིད་ཀྱི་བཟའ་ཟླས་གཡོས་སྦྱོར་ཡག་པོ་ཤེས་པས། བཟའ་ཚོ་གཉིས་ཀྱིས་གྲོས་བསྡུར་བྱས་རྗེས་གྲོང་ཚོའི་ནང་ཟ་ཁང་ཞིག་བཙུགས།
བཟའ་ཚོ་གཉིས་ཀྱིས་ཟ་ཁང་གཉེར་སྐྱོང་ཡག་པོ་བྱས་པས་ཉིན་ལྟར་ཁེ་བཟང་སྒོར་1000ཙམ་ཡོང་གི་ཡོད། བསྟན་པས“ལག་རྩལ་སྣ་གཅིག་ཤེས་ན་ལྟོ་གོས་ལ་སེམས་ཁྲལ་བྱེད་དགོས་མི་འདུག ད་ཆ་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་གི་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད་པ་རེད།