དབུ་ཤོག>ཆེད་སྒྲིག
  • གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་འགག་གནད་སེལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-10

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ངོས་འཛིན་གནང་དོན། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་གཙང་སྒྲུབ་བྱེད་པ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་མངོན་འགྱུར་བྱེད་པ་ནི་བོད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་རེད། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་ཚང་མས་རང་ཉིད་ཀྱི་མྱོང་ཚོར་དང་ལྟ་སྟངས་གླེང་ཡོད།

    བཀྲ་ཤིས་རྒྱལ་མཚན་གྱིས། མང་ཚོགས་ཚོ་གོ་རིམ་ལྡན་ལ་ཕན་འབྲས་ཡོད་པའི་སྒོ་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་རྨང་གཞི་བརྟན་དུ་གཏོང་དགོས།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་རྒྱལ་མཚན་གྱིས་གསར་འགོད་པར“གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བར་མང་ཚོགས་ཀྱི་བྱེད་པོའི་ནུས་པ་ཐོན་པ་བྱེད་དགོས”ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་གིས“གཉིས་ལྡན་དུད་སྦྲེལ”དང་དྲ་མིག་ཅན་གྱི་དོ་དམ་སོགས་གཞི་རིམ་བཅོས་སྐྱོང་གི་ལེགས་ཆ་གང་ལེགས་སྤྱད་དེ་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུའི་ཁྲོད་མང་ཚོགས་ཞུགས་ཚད་མང་དུ་བཏང་བ་བརྒྱུད་གནད་སྨིན་ཞིབ་ཚགས་ཀྱི་དོ་དམ་དང་དམངས་ཕན་ཞབས་ཞུ་འབྲེལ་མཐུད་ནུས་ལྡན་བྱས་པ་དང་ཆབས་ཅིག “ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་མཁར་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ”བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་མང་ཚོགས་ཞུགས་ཚད་མང་དུ་གཏོང་དགོས་ཞེས་གསུངས་པ་རེད།

    དབང་འདུས་ཀྱིས།རྣམ་པ་གསར་པ་བཏོད་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་དབང་འདུས་ཀྱིས“ཉིང་ཁྲི་གྲོང་ཁྱེར་གྱིས་ཆབ་སྲིད་བདེ་འཇགས་ལ་དམ་འཛིན་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན། སྤྱི་ཚོགས་ཡོངས་ཀྱི་དོ་དམ་ཚོད་འཛིན་ལ་དམ་འཛིན། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་རྒྱུར་དམ་འཛིན། ཆོས་ལུགས་ཁྱབ་ཁོངས་ཀྱི་དོ་དམ་ལ་དམ་འཛིན། སྤྱི་པའི་བདེ་འཇགས་དོ་དམ་ལ་དམ་འཛིན། མཐའ་བརྟན་མཐའ་དར་ལ་དམ་འཛིན་བཅས་ལ་དམིགས་ཏེ་བྱ་ཐབས་གསར་པ་འདོན་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས”ཞེས་གསུངས་པ་རེད།

    འཐུས་མི་དབང་འདུས་ཀྱིས། རྒྱུན་ཆད་མེད་པར་རྣམ་པ་གསར་པ་བཏོད་དེ་བསམ་ཕྱོགས་གསར་བཟོ་དང་། ལྟ་བར་འགྱུར་ལྡོག ཚན་རིག་དང་མཐུན་པའི་འཆར་འགོད། བྱེད་ཐབས་གསར་གཏོད་བཅས་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། མང་ཚོགས་བདེ་སྐྱིད་དང་བློ་ཡིད་ཚིམ་པོ་ཡོང་བ་བྱ་རྒྱུ་དེ་དོན་གཉེར་བྱ་གཞི་ཨང་དང་པོར་བརྩི་བ་བཅས་བྱས་ནས་བདེ་འཇགས་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་གསུངས་པ་རེད།

    ཨའོ་ལིའུ་ཆོན་གྱིས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་ལས་མང་ཚོགས་ཚོའི་ཐོབ་སྣང་དེ་བས་ཆེ་རུ་དང་། བདེ་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་བྱེད་དགོས།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས“2020ལོར་ནག་ཆུ་གྲོང་ཁྱེར་གྱི་མང་ཚོགས་ཚོས་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ལ་བློ་ཡིད་ཚིམ་ཚད་99.06%ཟིན་ཡོད། མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་སྟེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། ‘ཀུན་མཐོང་ལས་གཞི’ཉེན་དོན་དངོས་འཐབ་ཅན་གྱི་ནང་སྦྱོང་རྟེན་གཞི་བཅས་གསར་སྐྲུན་བྱས་ནས་ལྗོངས་ཡོངས་ནས་གྲོང་ཁྱེར་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྒྲིག་གཞི་སྔོན་ལ་བཀོད་སྒྲིག་བྱས་ཏེ་གྲོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་དང་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ནག་ཆུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད། ད་ཆ་ནག་ཆུ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཐོབ་སྣང་དང་། བདེ་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་དང་མེས་རྒྱལ་ལ་དྲིན་ཚོར་གྱི་བསམ་པ་འཆང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ཡོད། གོམ་སྟབས་རྗེས་མར་ནག་ཆུ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བཞག་སྟེ་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི་ཕན་འབྲས་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།