འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།
2020ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ལོ་དེར་འཐབ་འཛིང་ཆེན་པོ་དང་ཚོད་བགམ་ཆེན་པོ་འཕྲད་པའི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་སྟོན་སྣེ་ཁྲིད་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གཙོ་བོ་ལེགས་གྲུབ་ཟིན་པ་དང་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་། མི་དམངས་བློ་ཡིད་ཚིམས་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འཇུག་ཆོག་པ་བཅས་ཀྱི་འོད་སྟོང་འཕྲོ་བའི་རྒྱུགས་ལན་ཕུལ་ཡོད། ལོ་དེར་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་དང་འགན་འཁྲི་ཁོང་དུ་བརྟན་པོ་ཆུད་པར་བྱས་པ་དང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་འཐབ་ཇུས་རང་བཞིན་གྱི་ལས་འགན་དེ་བས་ལེགས་པའི་སྒོ་ནས་ཁུར་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བསམ་བློའི་འགན་ལེན་ནུས་ལྡན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་པ་རེད།
བསམ་བློའི་རྩ་བ་བརྟན་པོ་བཙུགས་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པའི་མཐོ་སར་སྐུལ་འདེད་བཏང་བ།
ལོ་གཅིག་རིང་། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་པ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་། ཇི་མ་ཇི་བཞིན་སྤེལ་བ། མི་སེམས་སུ་ཟུག་པ་བཅས་ལ་སྐུལ་འདེད་བཏང་ཡོད་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་རྩ་བ་བརྟན་པོ་བཙུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་སྲོག་ཤིང་གི་གནས་བབ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲག་རྒྱུན་དུ་གཏིང་ཟབ་འདྲེས་པ་བཅས་བྱས་ཡོད།
—— བསམ་བློར་དྲག་ཆས་སྤྲོས་རྒྱུའི་མཐོ་རིམ་ནས་སྐུལ་འདེད་བཏང་བ། ལྗོངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་སྣེ་ཁྲིད་དཔེ་སྟོན་ནུས་པ་གང་ལེགས་བཏོན་ནས་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་11འཚོགས་ནས་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སློབ་སྦྱོང་གི་གྲོས་དོན་གཏན་འཁེལ་གནང་བ་དང་། སློབ་སྦྱོང་གི་ཇུས་གཞིར་ཞིབ་བཤེར་གཏན་འབེབས་གནང་བ། བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་ཁག་ལྟེ་བའི་ཚོགས་ཆུང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་མིག་དཔེ་བཏོན་གནང་ཡོད། བོད་ཡིག་པར་མའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་རྩ་གནད》སོགས་དཔེ་དེབ་ཁྲི་120ལྷག་ཙམ་རིན་མི་དགོས་པར་སྤྲད་དེ་ལས་བྱེད་པ་དང་མང་ཚོགས་ཚོས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་དེབ་ཁུངས་བཙན་མཁོ་འདོན་བྱས་ཡོད།
—— མང་ཚོགས་ཀྱི་སློབ་གསོ་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་བ། རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གསོ་སྦྱོང་འཛིན་གྲྭ་སྔ་རྗེས་སུ་དུས་ཐེངས་5གཉེར་ནས་གཞི་རིམ་གྱི་རྐང་འཛིན་སྒྲོག་འགྲེལ་པ་1500ལ་གཅིག་སྡུད་གསོ་སྦྱོང་བྱས་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས་ཁྲི་85བྱས་པར་མི་ཐེངས་ཁྲི་6233ལ་ཕན་པ་ཐོབ་པ་དང་། ལག་ལེན་བྱེད་སྒོ་ཐེངས་ཁྲི་53སྤེལ་བར་མང་ཚོགས་མི་ཐེངས་ཁྲི་3379ཞུགས་ཡོད།
—— སྒྲོག་འགྲེལ་སློབ་གསོ་མི་སེམས་སུ་ཟུག་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་ལས་དོན་གྱི་གཙོ་རྐང་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་སྒྲོག་འགྲེལ་གྱི་ཇུས་གཞི་བཟོ་བ་དང་། སྒྲོག་འགྲེལ་གྱི་རྩ་གནད་རྩོམ་སྒྲིག་པར་འདེབས་བྱེད་པ། སྒྲོག་འགྲེལ་རྐང་འཛིན་པ་འདེམས་པ། སྒྲོག་འགྲེལ་མི་སྣར་གསོ་སྦྱོང་བཅས་བྱས་ཏེ། རིམ་ལྔའི་སྒྲོག་འགྲེལ་མ་ལག་དང་། ཞིང་འབྲོག་པ་ཁྲི་དང་གཞི་རིམ་གྱི་སྒྲོག་འགྲེལ་པའི་དཔུང་ཁག་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་མང་ཚོགས་ཀྱི“མཐའ་མའི་འགག་གནད”ནུས་ལྡན་བསལ་བ་དང་། ལྗོངས་ཡོངས་ཀྱིས་རིགས་ཁག་གི་སྒྲོག་འགྲེལ་ཐེངས་ཁྲི་8.9ལྷག་ཙམ་སྤེལ་བ་ལས་མི་ཐེངས་ཁྲི་830ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
—— ཞིབ་འཇུག་དང་གསལ་འགྲེལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ། ལྗོངས་ནང་ཁུལ་གྱི་དྲ་རྒྱའི་སྨྱན་སྦྱོར་གཙོ་བོས“ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན”དང་། “ཞི་ཅིན་ཕིང་གི་གོ་བདེ་དོན་ཟབ་ཀྱི་བཀའ་མོལ”སོགས་ཀྱི་ཆེད་དོན་དང་ཆེད་སྒྲིག་ལེ་ཚན་10ལྷག་ཙམ་བཟོས་པ་དང་། རིམ་རྩིས་བྱས་ན་གསར་འགྱུར་རྩོམ་ཡིག་ཁྲི་2.7ལྷག་ཙམ་སྤེལ་བ། ཁྱོན་ལྟ་ཀློག་བྱེད་མཁན་མི་ཐེངས་ཁྲི་1620ཟིན་ཡོད། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག》སོགས་བོད་ཀྱི་རིགས་པའི་གཞུང་ལུགས་དང་དངོས་ཡོད་གནད་དོན་གལ་ཆེན་གྱི་བརྗོད་གཞིའི་ཞིབ་འཇུག་གྲུབ་འབྲས་20བཏོན་ཡོད།
འགྲན་སློང་དང་ཚོད་བགམ་ཆེན་པོར་ཁ་གཏད་བཅག་ནས་གྲུབ་འབྲས་དྲིལ་བསྒྲགས་ཀྱི་སེམས་ནུས་གཅིག་ཏུ་བསྒྲིལ་བ།
ལོ་གཅིག་རིང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱིས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ལ་ཞབས་འདེགས་ཞུ་བར་དམིགས་ནས་གྲུབ་འབྲས་དྲིལ་བསྒྲགས་དང་། མང་ཚོགས་ཀྱི་སློབ་གསོ། གཞི་རིམ་གྱི་རིག་རྩལ་སོགས་ཀྱི་ལས་དོན་མངོན་གསལ་དོད་པོས་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་དེའི་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་ཚོར་བ་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ཡོད།
“ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ། ང་ཚོའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་ཡི་འདུག”ཅེས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཨ་དབང་ཤང་རྣ་ཡུལ་གྲོང་ཚོའི་འགྱུར་མེད་ཡེ་ཤེས་ཀྱིས་ལུག་བཙོངས་པའི་སྒོར་ཁྲི་གཅིག་ལྷག་ཙམ་ལ་རྩིས་རྒྱག་གིན་དུ་དགའ་ཚོར་ཆེན་པོས་བཤད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་སྐྱིད་གྲོང་གསར་གྱི་ཁུལ་ཆུང་དུ་ཡུལ་གཞན་ནས་སྤོས་པའི་ཚེ་རིང་དབང་ཕྱུག་གིས་ད་ཆའི་འཚོ་བའི་སྐོར་གླེང་སྐབས་དགའ་ཚོར་ཆེན་པོས“ཕྲུ་གུ་ཐག་ཉེ་སར་སློབ་གྲྭར་སྐྱོད་ཐུབ་པ་མ་ཟད། ང་ལའང་སྲིད་གཞུང་སྡེ་ཚན་གྱི་རོགས་རམ་འོག་རང་ཉིད་ལའང་ལས་ཀ་བརྟན་པོ་ཞིག་རག་ནས་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་ཕྱིན་སོང”ཞེས་བཤད། མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་འགོད་སྤེལ་བྱེད་པ་ནི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་གསར་འགྱུར་དྲིལ་བསྒྲགས་ཡག་པོ་བྱས་པ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ། བོད་ཀྱི་གསུང་སྒྲ་ཁྱབ་སྤེལ་ཡག་པོ་བྱས་པའི་བསྡུས་རིས་ཤིག་རེད།
འཐབ་ཇུས་ཀྱི་ལས་འགན་དོན་འཁྱོལ་བྱས་པས་བསམ་བློའི་ཐུན་མོང་ངོས་འཛིན་རྒྱུན་མཐུད་གཅིག་ཏུ་བསྒྲིལ་བ།
ལོ་གཅིག་རིང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་འཐབ་ཇུས་རང་བཞིན་གྱི་ལས་འགན་མཐའ་འཁྱོངས་བྱ་རྒྱུར་དམིགས་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། དེ་བཞིན་བོད་ཀྱི་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་བཅས་གཏིང་ཟབ་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་དང་། ཁེ་ཕན་གཅིག་མཐུན་འདུས་གྲུབ། འགན་འཁྲི་གཅིག་མཐུན་འདུས་གྲུབ་བཅས་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པར་ཁྲིད་སྟོན་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”བཙུགས་པ་དང“མོས་སེམས་ལྔ”ཟབ་ཏུ་བཏང་ཡོད་པ་རེད།
《བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག》དང་། 《བོད་རྒྱ་སྐད་ཡིག་གི་འབྱུང་ཁུངས་གཅིག་དང་རྩ་བ་གཅིག་གི་ཞིབ་འཇུག》སོགས་ཀྱི་རྩོམ་ཡིག་དང《བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་ཀློག་དེབ》 《མིང་རྒྱལ་རབས་ཀྱི་བོད་སྐྱོང་ཆོས་ལུགས་སྲིད་ཇུས་ཞིབ་འཇུག》སོགས་ཀྱི་ཆེད་རྩོམ་འབྲི་རྒྱུ་སྒྲིག་འཛུགས་བྱས་ཡོད།
“འཚོ་བར་ཟབ་འཇུག་དང་མི་དམངས་ཁྲོད་རྩ་བ་ཚུགས་པའི”རིག་རྩལ་གྱི་དམངས་གཞས་འཚོལ་བསྡུའི་བྱེད་སྒོ་སྤེལ་བར་རང་སྐྱོང་ལྗོངས་ཀྱིས་ཁག་18ཀྱི་གསར་རྩོམ་པ་112འཐབ་ས་དང་པོར་དམངས་གཞས་འཚོལ་བསྡུ་དང་གསར་རྩོམ་བྱེད་པར་མངགས་པ་དང་ལོ་ཧྲིལ་པོར་རིག་རྩལ་བརྩམས་ཆོས(ལེ་ཚན)1000ལྷག་ཙམ་གསར་རྩོམ་བྱས་ཡོད།
གཞོན་ནུ་ལོ་ཆུང་སློབ་མ“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”བྱེད་སྒོར་ཞུགས་རྒྱུ་སྒྲིག་འཛུགས་བྱས་པ་དང་། “ཀྲུང་ཧྭའི་གསུང་རབ་གྱེར་འདོན་བྱས་ནས་དུས་རབས་ཀྱི་མི་གསར་བྱེད”ཅེས་པ་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་ཐོག་མར་སྤེལ་བ་དང་། ལྷ་ས་དང་ལྷོ་ཁ་སོགས་སུ་ཆེད་དོན་འཁྲབ་སྟོན་ཐེངས་6བྱས་པར་མི་ཐེངས་3000ལྷག་ཙམ་ཞུགས་ཡོད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ཏེ་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དྲིལ་བསྒྲགས་བྱེད་སྒོ་ཡག་པོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་པ་དང་། སྲོག་ཤིང་བརྟན་གཏོང་དང་། དྲང་ནུས་གཅིག་སྒྲིལ། སྟོབས་ཤུགས་འཕེལ་བ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣