དབུ་ཤོག>ཆེད་སྒྲིག
  • ​རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-03-05

    ས་གཞི་ཆེ་མོར་དཔྱིད་དཔལ་བཞད། སྐྱེ་དངོས་སྣ་ཚོགས་མཚར་དུ་དངར། སྐྱེ་བོ་ཀུན་གྱི་དོ་སྣང་ཁྲོད་དེ་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་པེ་ཅིང་དུ་མཉམ་འཛོམས་གནང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་འཆར་འགོད་ཆེ་མོར་ལྷན་དུ་གྲོས་བསྡུར་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལེའུ་གསར་པ་ལྷན་དུ་ཇུས་འགོད་གནང་རྒྱུ་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།

    དཀའ་ཚེགས་ཁྲོད་དཔའ་ངར་སྙིང་སྟོབས་མངོན། ཞུན་བརྡར་ཁྲོད་བྱ་བ་མཐའ་དག་བསྒྲུབས། 2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། ལོ་དེར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་ཀུན་སེམས་གཅིག་སྒྲིལ་དང་དཀའ་ངལ་བསུ་བཞིན་མདུན་སྐྱོད་ཀྱིས་རིམས་ནད་དང་འཐབ་པ་དང་། ཆུ་ལོག་འགོག་པ། སྒྱུར་བཅོས་ལ་སྐུལ་འདེད། སྒོ་མོ་འབྱེད་རྒྱུར་སྐུལ་འདེད། དབུལ་སྒྲོལ་ལ་དམ་འཛིན། དམངས་འཚོར་ཕན་འདོགས་པ། དཔལ་འབྱོར་འཕར་རྒྱུ་འགན་ལེན། དུས་བབ་བརྟན་ལྷིང་བཅས་བྱུང་སྟེ། འཛམ་གླིང་ཐོག་རིམས་ནད་མཆེད་རྒྱུ་སྔོན་ལ་ཚོད་འཛིན་ཐུབ་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཁྲོད་སྔོན་ལ་དཔལ་འབྱོར་འཕར་བ། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་སྟེ་མི་དམངས་བློ་ཡིད་ཚིམ་པ་དང་། འཛམ་གླིང་གིས་དོ་སྣང་བྱེད་པ། ལོ་རྒྱུས་དེབ་ཐེར་ནང་འགོད་ཆོག་པ་བཅས་ཀྱི་རྒྱུགས་ལན་ཕུལ་ཡོད། འདས་ཟིན་པའི་ལོ་ལྔར་རྒྱང་ལྟ་བྱེད་སྐབས། འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མདུན་ཕྱོགས་སུ་གོམ་སྟབས་གསར་པ་སྤོས་པ་བཅས་དེ་དག་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མངོན་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཡང་འབད་བསྐྱར་འབད་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་མུ་མཐུད་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་ལྕག་ཐེབས་རྒྱུ་རེད།

    རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་མདུན་དུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་བཞིན་འགན་འཁྲི་སྒྲུབ་པ་དང་བྱས་རྗེས་ཧུར་ཐག་འཇོག་པ་དང་། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། དམངས་དོན་ཁྲིམས་གཞུང་ལག་བསྟར་དང་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་རྩོད་ནང་ཧུར་ཐག་ཞུགས་པ། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་པ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ལམ་ལུགས་ཀྱི་སྒྲིག་ལམ་དང་ཁྲིམས་སྐྱོང་སྒྲིག་ལམ་སྲུང་སྐྱོང་། ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་རམ་འདེགས། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ལས་དོན་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་བཅས་བྱས་ཏེ་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱས་པ་མ་ཟད། ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་དོན་འཁྱོལ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་བརྡ་ལན་བསློགས་ཏེ་རྒྱལ་ཁབ་དབང་ཆའི་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་ནུས་ལྡན་བྱས་ཡོད།

    རྒྱལ་ཁབ་ཀྱི་དར་རྒུད་ལམ་ལུགས་ལ་ཐུག མི་དམངས་ཀྱི་བདེ་སྐྱིད་བཅོས་སྐྱོང་ལ་ཐུག འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོ་རེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ལོ་དང་པོའང་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རང་རྒྱལ་གྱི་འབྱུང་འགྱུར་ལོ་5དང་དེ་བཞིན་ལོ་15ཡི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པར་བརྟེན་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལག་ལེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཡོད། མི་དམངས་འཐུས་ཚོགས་ལས་དོན་གྱི་གསོན་ཉམས་དོད་པའི་ལག་ལེན་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་སྔར་བས་མངོན་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད་པར། ང་ཚོས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དེ་བས་འདོན་སྤེལ་ཡག་པོ་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་བརྒྱུད་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་དམ་པོར་བཟུང་ཐུབ་པ་བྱེད་དགོས།

    “རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན”“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར། ངེས་པར་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ་དང་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ཀྲུང་གོ་མི་དམངས་དུང་ཕྱུར་14ཡི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་ཡིན། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆེས་རྒྱ་ཁྱབ་དང་། ཆེས་དངོས་ཡོད། ཆེས་སྤྱོད་གོ་ཆོད་པ་བཅས་ཀྱི་དམངས་གཙོ་རེད། མི་དམངས་རང་ཁྱིམ་རང་བདག་འགན་ལེན་དང་འཕེལ་རྒྱས་གཏོང་བར། མི་དམངས་ཀྱི་འབོད་སྒྲ་ཉན་པ་དང་། མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ། མི་དམངས་ཀྱི་རེ་སྒུག་ལ་བརྡ་ལན་བསློགས་པ་བཅས་བྱས་ཏེ། མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཟམ་མི་ཆད་པར་ཐག་གཅོད་ཡག་པོ་བྱས་ནས་ཆེས་རྒྱ་ཆེའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། མི་དམངས་དམངས་གཙོ་རྒྱ་སྐྱེད་གཏོང་བ་དང་། དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཙོའི་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་ཡངས་སུ་གཏོང་བ་བཅས་བྱས་ཏེ། རིམ་པ་ཁག་དང་ཁྱབ་ཁོངས་ཁག་ནས་སྤྱི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱ་ཆེ་རུ་གཏོང་བ་དང་། དེ་བས་རྒྱ་ཆེ་བ་དང་། དེ་བས་གང་ལེགས། དེ་བས་འཐུས་སྒོ་ཚང་བ་བཅས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ཚེ། ང་ཚོའི་རྩ་བའི་ཆབ་སྲིད་ཀྱི་ལམ་ལུགས་ལ་གཞི་ནས་ཐོག་མཐའ་བར་གསུམ་དུ་གཏིང་ཟབ་ལ་བརྟན་པའི་རྩ་བའི་རྨང་གཞི་ཞིག་ཡོང་ཐུབ་པ་དང་ང་ཚོའི་བྱ་གཞག་གཞི་ནས་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་ཐུབ།

    “ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་ལས་འགན་དང་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ཡོད། རྒྱ་ཆེའི་འཐུས་མི་རྣམ་པས་འགོ་ཚུགས་ལོར་གཞི་ཚུགས་ཏེ་བློ་ཁ་གཅིག་མཐུན་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་དང་། འགན་ནུས་གཙང་སྒྲུབ་ནན་ཏན་བྱེད་པ། མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

    ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།