གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་ཆར་མངའ་རིས་ས་ཁུལ་གྱིས་རྫོང་7གྱི་གྲོང་སྡོད་ལས་དོན་རུ་ཁག་60ལ་སྔ་རྗེས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། མངའ་རིས་ས་ཁུལ་གྱི་རྫོང་ཁག་གི་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་གྲོང་སྡོད་ལས་དོན་རུ་ཁག་ལ་ལྟ་སྐུལ་དང་། མཛུབ་ཁྲིད། དོ་དམ། ཞབས་ཞུ་བཅས་ནན་ཏན་བྱས་ཏེ། 2021ལོའི་རྨང་བརྟན་དམངས་ཕན་གྱི་ལས་དོན་འཆར་གཞི་ཡུལ་བབ་དང་བསྟུན་ཏེ་ཇུས་འགོད་བྱས་ནས་བཟོས་ཡོད། བཅའ་སྡོད་བྱེད་མཁན་ཚན་པ་ཁག་གིས་རྒྱབ་ཕྱོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་སྡོད་ལས་དོན་རུ་ཁག་135ལ་འཚམས་འདྲིར་བསྐྱོད་དེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གྲོང་སྡོད་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱིས་ཏན་ཏིག་ཚོར་བར་བྱས་ཡོད།
གྲོང་སྡོད་ལས་དོན་རུ་ཁག་ཁག་གི་རུ་མི་ཚོས། སྤྱོད་ཚུལ་བཟང་པོ་མུ་མཐུད་འདོན་སྤེལ་བྱེད་པ་དང་། དུས་རབས་གསར་པའི་གྲོང་སྡོད་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ནན་ཏན་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ། ནུས་ཤུགས་ཡོད་རྒུས་ཞིང་འབྲོག་ཁུལ་གྱི་གཞི་རིམ་སྲིད་དབང་བརྟན་དུ་གཏོང་བ། རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པ། བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཚད་གཞི་དམའ་རུ་མི་གཏོང་བ། གྲོང་ཚོའི་རྣམ་པ་བཅོས་སྒྲིག་ལ་མུ་མཐུད་འགན་ལེན་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་དོ་ནན་པའི་ལས་ཀའི་སྤྱོད་ཚུལ་དང་། ལས་གནས་བརྟན་སྲུང་། རང་འགན་གཙང་སྒྲུབ་ཀྱི་ལས་བཀུར་སྙིང་སྟོབས་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད།