བོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་སྒྲིལ་གླེང་།
དཔྱིད་ཀ་ནི་རེ་བའི་ས་བོན་འདེབས་པའི་དུས་ཚིགས་ཤིག་རེད། དེ་ནི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ལ་ཉེ་བའི་མཚམས་སུ་འཁེལ་བས། ཧྭ་ཞ་ས་གཞི་ཆེ་མོའི་ཐོག་གི་མི་རིགས་ཁག་གི་མི་དམངས་ཚོ་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཚང་མས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
འདས་ཟིན་པའི་ལོ་གཅིག་རིང་། བོད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་ནན་པོ་དང་ལག་བསྟར་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་ཧུར་ཐག་བྱེད་པ། བརྟན་ཐོག་ཡར་འཕེལ་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་སེལ་བ་བཅས་ཀྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། ཚོང་ལས་སླར་གསོ། ཁྲོམ་ར་སླར་གསོ་བཅས་ལ་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་པས། དཔལ་འབྱོར་འཁོར་སྐྱོད་བརྟན་པོའི་ཁྲོད་ལེགས་སུ་ཕྱིན་ཡོད།
ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།
2020ལོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་ཤོས་སུ་གཏོང་ཆེད། རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་བརྟེན་པ། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དམ་འཛིན་ལྷོད་མེད་བྱེད་པ། ཡུལ་སྐོར་ལས་རིགས་དང་རང་བྱུང་འཐུང་ཆུའི་ལས་རིགས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།
ན་ནིང་ཟླ་3པ་ཚུན་དུ་རང་སྐྱོང་ལྗོངས་ཀྱིས“མཚམས་ཚད་བཟོ་བ་དང་། སྔོན་མངགས་བྱེད་པ། འཚང་ཀར་གཡོལ་བ”བཅས་དང་དེ་བཞིན་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཐེག་ཚད་ཆེ་ཤོས་ཀྱི་30%ལས་མི་བརྒལ་བའི་བླང་བྱ་ལག་བསྟར་ནན་པོ་བྱས་པའི་རྨང་གཞིའི་ཐོག་གོ་རིམ་ལྡན་པའི་སྒོ་ནས་རང་བྱུང་རིགས་ཀྱི་མཛེས་ལྗོངས་ཁུལ་དང་ཁང་པའི་ནང་གི་མཛེས་ལྗོངས་ས་ཚིགས་སྒོ་ཕྱེ་བ་དང་། སྔོན་ཚུད་དུ་རྒྱལ་ཡོངས་སུ“སྤྲིན་ཚོགས་ནས་བོད་ལྗོངས་ལ་ལྟ་བ”དང“སྤྲིན་ཚོགས་ནས་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བྱེད་པ”སོགས་ཀྱི་དྲ་ཐོག་གི་ཆེད་དོན་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། “ཁྲོམ་ར་བརྟན་པོ་དང་། ཡུལ་སྐོར་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ”བཅས་ཀྱི་བྱ་ཐབས་མང་པོ་སྤྱོད་པ་བཅས་བྱས་ནས་ཡུལ་སྐོར་ཁྲོམ་ར་བསྐྱར་དར་ཡོང་བར་རྨང་གཞི་བཟང་པོ་བཏིང་ཡོད། གྲངས་གཞི་ལས་མངོན་པར་2020ལོའི་ཟླ་5པ་དང་6པ་ཚུན་དུ་བོད་ཀྱི་ཡུལ་སྐོར་ལས་རིགས་སྔོན་ཚུད་དུ་རྒྱལ་ཡོངས་སུ་བསྐྱར་དར་དང་དངོས་སུ་འཕེལ་རྒྱས་བྱུང་སྟེ་2019ལོའི་དུས་མཚུངས་ལས་འཕར་ཚད་27.04%དང་36.86%སོ་སོར་ཟིན་ཡོད།
ལོ་དེར་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ལས་རིགས་སྤྱི་ཡོངས་ཀྱི་ཐོན་སྐྱེད་ལག་རྩལ་དང་དེ་བཞིན་བཟོ་རྩལ་གྱི་ཚད་གཞི་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་། ཨར་འདམ་སོགས་རྨང་གཞིའི་འཛུགས་སྐྲུན་རྒྱུ་ཆ་འགན་ལེན་སྤྱིར་ན་ལྗོངས་ནང་ཁུལ་གྱིས་གཙོ་བོར་བྱེད་པ་དང་ལྗོངས་ཕྱི་ནང་ཕན་ཚུན་འཁོར་རྒྱུག་བྱེད་རྒྱུ་མངོན་འགྱུར་བྱུང་བ། བོད་ཀྱི་གསོ་བ་རིག་པའི་ལག་རྩལ་གསར་གཏོད་དང་ཐོན་རྫས་ཞིབ་སྤེལ་གྱི་གོམ་སྟབས་མགྱོགས་སུ་སོང་བ། བོད་སྨན་ཁེ་ལས་ཚང་མ་GMPཡི་པར་གཞི་གསར་པའི་ཁས་ལེན་ཐོབ་པ་བཅས་ལས། ལྗོངས་ཡོངས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་དམིགས་ཚད་གཙོ་བོར་བྱས་པའི་དུས་རབས་གསར་པར་སླེབས་པ་མཚོན་ཡོད།
གྲངས་གཞི་ལས་མངོན་པར། 2020ལོར་རང་ལྗོངས་སུ་ལོ་འཁོར་མོར་དཔལ་འབྱོར་7.8%འཕར་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལྷག་ཙམ་ཟིན་ཡོད།
དུས་བབ་དང་བསྟུན་ནས་འཕེལ་རྒྱས་ཀྱི་ཞན་ཆ་སེལ་བ།
ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པར་ཁ་གཏད་འཇལ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཛུབ་ཁྲིད་བྱས་ཏེ《ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཇུས་གཞི》དང《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་ནས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་རྒྱུན་འཁྱོངས་ཡོང་བ་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས་འགའ་ཞིག》སོགས་སྲིད་ཇུས་ཡིག་ཆ་བཀྲམ་ནས་ལྗོངས་ཡོངས་ཀྱི་ཁེ་ལས་རྒྱུན་གཏན་ལྟར་ཐོན་སྐྱེད་གཉེར་སྐྱོང་ལ་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།
ཁྲལ་དོན་དང་། དངུལ་རྩ། མི་སྤྱི་སོགས་སྡེ་ཚན་གྱིས་མཉམ་སྒུལ་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་རྗེས་སུ་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་ནས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཐོན་ཁུངས་རྣམས་བཟོ་སྐྲུན་ལས་རིགས་དང་། བཟའ་བཏུང་དང་སྡོད་མལ། ལྗང་མདོག་འཕེལ་རྒྱས་སོགས་ལ་ཕྱོགས་ནས་འཕེལ་རྒྱས་ཀྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་བསལ་ཡོད།
ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲོད་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཡུལ་སྐོར། བཟའ་བཏུང་། སྡོད་མལ་སོགས་ལས་རིགས་གཉེར་མཁན་ལ་ཐོན་སྐྱེད་གཉེར་སྐྱོང་དངུལ་བུན་བཏང་བ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྒོར་ཁྲི་100ནང་ཚུན་གྱི་དངུལ་བུན་གཡར་མཁན་ཁག་གཅིག་ལ་སྐྱེད་གསབ་བྱས་ཡོད། ཁྲལ་དོན་སྡེ་ཚན་གྱིས“དངུལ་ཁང་དང་ཁྲལ་དོན་མཉམ་སྒུལ”གྱི་བྱེད་སྟངས་བརྒྱུད་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མགྱོགས་སུ་གཏོང་བ་དང་། ཁྲལ་བསྡུའི་ཡིད་རྟོན་གྱི་རིམ་པ་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། “བོད་ཀྱི་ཁེ་ལས་དང་། ཁྲལ་དོན། དངུལ་ཁང་བཅས་ཀྱི་ཕྱོགས་བསྡུས་རིག་ནུས་ཞབས་ཞུའི་ལས་སྟེགས”འཛུགས་པ། “དངུལ་ཁང་དང་ཁྲལ་དོན་མཉམ་སྒུལ”གྱི་གྲངས་གཞི་ཕན་ཚུན་ཤེས་རྟོགས་བྱེད་པའི་ཐབས་ལམ་གཏོད་པ་སོགས་བྱས་ཡོད། མི་སྤྱི་སྡེ་ཚན་གྱིས《2020ལོའི་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་དང་ལས་ཞུགས་ཀྱི་གཙོ་གནད་ཚོགས་སྤྱིའི་རྩལ་ནུས་གསོ་སྦྱོང་གི་ལག་བསྟར་ཇུས་གཞི》བཟོས་ཏེ་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།
རྨང་གཞི་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་རྟིང་ཤུགས་འཕེལ་བར་བྱས་པ།
རང་བྱུང་ཆ་རྐྱེན་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་རང་ལྗོངས་སུ་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་མངོན་གསལ་དོད་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་ཆེད། བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ཏེ་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ་འཇུག་གཞིར་བྱེད་པ་དང་། གཙོ་རྒྱུ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། སྤྱི་འདོམས་འཆར་འགོད་དང་རིགས་དབྱེ་ཇུས་འདོན་བཅས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་ཞན་ཆ་ཧུར་ཐག་བསལ་ཡོད།
ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་2019ལོའི་ལོ་མཇུག་ཏུ་རང་ལྗོངས་ཀྱི་ཁག་ཐེངས་མཇུག་ཤོས་ཀྱི་རྫོང(ཆུས)དབུལ་པོ་19ཚང་མ་དངོས་སུ་དབུལ་ཞྭ་ཕུད་པ་དང་། དབུལ་པོ་དབུལ་རྐྱང་ལྗོངས་ཡོངས་སུ་སྤྱིར་ན་མེད་པར་བཟོས་ཡོད། དེ་ནི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤིག་རེད། འོན་ཀྱང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་སྟེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་བདེ་བླག་ཇི་ལྟར་ཡོང་བ་བྱེད་དགོས་སམ།
དེའི་ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། བརྟན་པོའི་ངང་དབུལ་སྒྲོལ་དང་སྤུས་ཚད་མཐོ་བའི་དབུལ་སྒྲོལ་ལ་དམིགས་ནས་སྔ་རྗེས་སུ《དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་འདེགས་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང《དབུལ་པོ་བསྐྱར་ལོག་མི་ཐེབས་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས》སོགས་ཀྱི་སྲིད་ཇུས་བཏོན་པ་དང་། སྔོན་ཚུད་ནས་ཐོན་ལས་རྨང་གཞི་བསྐྱར་འཛུགས་ཀྱི་ལས་གྲྭ་ལག་བསྟར་བྱེད་པ་དང་། གཟན་ཆག་ཐོན་ལས་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་བ། ལས་ཞུགས་གསོ་སྦྱོང་སྤེལ་བ་སོགས་ཀྱི་བྱ་ཐབས་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་ལམ་སྲོལ་དང་། སྲིད་ཇུས། གཏོང་ཆ། ཐབས་ཤེས་བཅས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད།
དངུལ་རྩའི་རྒྱབ་སྐྱོར་ཐད་2020ལོའི་ཟླ་4པ་ནས་ཟླ་12པའི་ཟླ་མཇུག་བར་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ས་ཁུལ་དང་གྲོང་ཁྱེར་ཁག་བཅས་ཀྱིས་མཉམ་དུ་བཟོས་པའི་མ་དངུལ་བསྡུ་སྒྲིལ་གྱི་གསལ་ཐོ་ཆེན་པོ་དྲུག་དང་དམངས་གཉེར་གྱི་ཞིང་འབྲོག་ལས་ཀྱི“སྣེ་འདྲེན་ཕྲན་ཚེགས་ཁེ་ལས”སོགས“6+1”གི་འབྲེལ་མཐུད་གསལ་ཐོ་གཞིར་བཟུང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་རྩའི་སྒྲིག་གཞིར་མཛུབ་ཁྲིད་བྱས་ཏེ་ཁེ་ལས་དང་རྣམ་གྲངས་476ལ་དངུལ་བུན་སྒོར་དུང་ཕྱུར་284.93བཏང་ཡོད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་2020ལོའི་ཟླ་12ཚེས་19ཉིན་ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭ་དང་ལེ་ལག་ཚང་བའི་ཆུ་འདྲེན་ལས་གྲྭའི་ལྟེ་བའི་དུམ་བུར་ཚོད་ལྟའི་ཆུ་གཏོང་ལམ་ལྷོངས་བྱུང་བ་དང་། དངོས་སུ་ཆུ་ཤར་གཏོང་ཐུབ་རྗེས་སྨད་རྒྱུད་ཀྱི་གསར་འབོལ་བྱས་པའི་རྨོ་ཞིང་མུའུ་ཁྲི་18.4དང་ནགས་རྩྭ་མུའུ་ཁྲི་24.12ལ་ཆུ་གཏོང་ཐུབ་རྒྱུ་རེད། 2020ལོར་རང་ལྗོངས་ཀྱིས་གཙོ་གནད་ཆུ་བོ་60རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། གཙོ་གནད་ཆུ་འདྲེན་ཁུལ་དང་ཆུ་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་གི་ལས་གྲྭ་68ལག་བསྟར་གཏིང་ཟབ་བྱས་ཡོད།
འབད་འབུངས་ཡར་བརྩོན་གྱི་ས་མཐོའི་བུ་ཕྲུག་ཁྲི་300ལྷག་ཙམ་གྱིས་དུས་རབས་གསར་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ལྷོད་མེད་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་མདུན་སྐྱོད་བྱེད་བཞིན་མཆིས།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣