ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།
ཚེས་2ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཟླ་2ཚེས་26ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བརྒྱད་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་ལས་འགན་སྒྲུབ་ཚུལ་སྙན་ཞུར་གཟིགས་ཞིབ་གནང་སྐབས་བཏོན་པའི་བླང་བྱ་གལ་ཆེན་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། 《རྒྱལ་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་ཁྲོད་སློབ་གསོ་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང་རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་སྐུལ་སློང་དང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་སྦྲགས། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་དང་། འབྲེལ་ཡོད་ཞིབ་ཕྲའི་ལས་དོན་ལ་ཞིབ་འཇུག མིག་སྔའི་རང་ལྗོངས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་ཀྱང་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་གང་ལེགས་མངོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱིས་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ་དེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཁས་མཛངས་རླབས་པོ་ཆེ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་བཅས་ལ་ངོས་འཛིན་གཏིང་ཟབ་དང་ཏན་ཏིག་ཚོར་ཐུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ། དར་ཆ་གསལ་སྟོན་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཟླ་2ཚེས་26ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ལས་བྱེད་པ་དང་མང་ཚོགས་ཚོས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཁག་གི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁྲོད“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བླང་བྱ་དང་ཚད་གཞི་དང་ཡང་ཡང་བསྡུར་བ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་བཀོད་སྒྲིག་ལ་གཞིགས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་འཆར་འགོད་དང་དམིགས་ཚད་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པར་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་དར་ལས་བྱེད་པར་བཏོན་པའི་ཐུགས་རེ་ཟབ་མོ་སྙིང་རུས་ཆེན་པོས་སློབ་སྦྱོང་དང་གོ་བ་བླངས་ཏེ་ནན་ཏན་ངང་བསྡུར་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་། རང་འགུལ་ངང་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་ཁྲག་རྒྱུན་དུ་འདྲེས་པ། ཏང་གི་ཆེད་སེམས་ཁྲལ་སེལ་བ་དང་། རྒྱལ་ཁབ་ཀྱི་ཆེད་འགན་འཁྲི་གཙང་སྒྲུབ། དམངས་ཀྱི་ཆེད་ལེགས་སྐྱེས་འབུལ་བ་བཅས་བྱེད་པའི་བློ་ཐག་བཅད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མངོན་པར་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་བསམ་བློར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་ལྟེ་བར་འཛིན་པ་དང་མི་དམངས་དགེ་རྒན་ལ་བསྟེན་ནས་གཞི་རིམ་དང་མང་ཚོགས་ཀྱི་ཉམས་མྱོང་དང་བློ་གྲོས་བསྡུ་ལེན་བྱེད་དགོས། རང་སྐྱོན་ཡོ་བསྲང་བྱེད་ཕོད་པ་བྱས་ཏེ་རྒྱུན་དུ་ཏང་གི་རིགས་པའི་གཞུང་ལུགས་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་སྒྲིག་ཁྲིམས། ཐོག་མའི་བསམ་འདུན་དང་འགན་འཁྲི། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་བཅས་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཚད་ཤིང་དུ་བཟུང་ནས་རང་ངོས་ཀྱི་སྐྱོན་ཆ་དང་མི་འདང་ས་རང་འགུལ་ངང་འཚོལ་བ་དང་ཡོ་བསྲང་བྱེད་ཕོད་པར་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་མཐའ་སྐྱོང་བོད་བརྟན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་དང་ཟུང་འབྲེལ་གྱིས་ཕུལ་བྱུང་གི་གཞོན་ནུ་ལས་བྱེད་པ་ཁག་གཅིག་གཞི་རིམ་དང་ལས་གནས་གཙོ་བོར་སྦྱོང་བརྡར་ལ་བཏང་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་རྗེས་གྲབས་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་བཏང་ནས་ཏང་གི་བྱ་གཞག་ལ་ཤུལ་འཛིན་མཁན་ཡོད་པར་བྱེད་དགོས། གཞོན་ནུ་ལས་བྱེད་པ་རྗེས་སྙེག་གསོ་སྐྱོང་ཡག་པོ་བྱས་ཏེ་འགན་མང་ཙམ་སྤྲོད་པ་དང་སྦྱོང་བརྡར་མང་ཙམ་བྱས་ཏེ་ཁོ་ཚོ་སྔ་ཙམ་འཇོན་ཐང་ཅན་དུ་ཧུར་ཐག་འགྱུར་བར་བྱེད་དགོས། དཀའ་སྤྱད་འབད་འཐབ་ཀྱི་རྒྱུན་མཐུད་དབྱུག་པ་བླངས་ནས་བབ་ཆགས་རང་གཅུན་དང་བབ་ཆགས་ལས་དར་གྱིས་གྲོན་ཆུང་བསྲི་ཚགས་དང་ཧུར་བསྲིས་གྲོན་ཆུང་གིས་ལས་དོན་མཐའ་དག་སྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།
ཚོགས་འདུའི་ཐོག་མིག་སྔའི་ལས་དོན་ཁག་བཀོད་སྒྲིག་བྱས་པ་མ་ཟད། རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ་དང་། “རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག”མཐའ་འཁྱོངས་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་དགོས་པ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏན་ཏིག་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་བཟོ་བ་དང་། འགྲོ་ལམ་དང་། ནགས་ཚལ། རིག་དངོས་སོགས་བདེ་འཇགས་ལ་ཤུགས་སྣོན། གངས་རྡིབ་དང་ས་ཡོམ་སོགས་ཀྱི་གནོད་འཚེའི་འབྲེལ་ཡོད་ལས་དོན་ནན་ཏན་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་པ། གཙོ་གནད་རིགས་ལ་འགོག་ཟོན་དང་། དཀའ་གནད་རིགས་ལ་གྲུང་ཟོན། གླེང་ཆེའི་རིགས་ལ་གསེད་བཀྲོལ། སྤྱིར་བཏང་རིགས་ལ་ལན་འདེབས་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ནན་ཏན་སྒྲུབ་དགོས་པ། ཡང་དག་པའི་སློབ་གསོ་ཁྲིད་སྟོན་དང་། མང་ཚོགས་ཀྱི་རྒྱུན་གཏན་དགོས་མཁོ་སྐོང་བ། རྒྱལ་གཅེས་ཆོས་གཅེས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མཚོན་བྱེད་མི་སྣའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས་པ། ཚང་མ་ཧུར་ཐག་ཞུགས་ནས་སློབ་གསོའི་བྱེད་སྒོ་ཁག་ཏན་ཏིག་སྤེལ་བ་དང་། སྐབས་བརྗེའི་ལས་དོན་སྒྲིག་འཛུགས་ནན་ཏན་བྱེད་པ། རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་། སློབ་གྲྭ་སློབ་འགོ་ཚུགས་པ། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ། རང་འགན་ཐེག་པ་འཁུར་ལེན་ལ་ཤུགས་སྣོན་དང་། ཁོངས་གཏོགས་ཁུལ་གྱི་འགན་འཁྲི་ནན་དུ་གཏོང་བ། ལྟ་བཤེར་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དེ་བས་ནན་པའི་སྒྲིག་ཁྲིམས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཚོགས་ཆེན་གྱི་འབྲེལ་ཡོད་བྱ་བར་གྲོས་འཆམ་བྱུང་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་གྲ་སྒྲིག་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣