དབུ་ཤོག>ཆེད་སྒྲིག
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་བཞི་ལྷག་ཙམ་རིང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-03

    ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་པད་སྟེང་གྲོང་ཚོའི་གྲོང་མི་ཚེ་དབང་ཕྱིར་སྐྱོད་སྐབས་ད་ཆ་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་དུ་སྡོད་ཀྱི་ཡོད། ཁོང་གིས“གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་མ་ཐུབ་གོང་། རང་ཁྱིམ་གྱི་འཚོ་བའི་མཁོ་ཆས་ཉོ་དགོས་ཚེ་གྲོང་པ་ཁྱིམ་མཚེས་ལ་ཡང་ཡང་མངགས་དགོས་ཀྱི་འདུག གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་། ཁྱིམ་གྱི་སྒོ་རྩ་ནས་རླངས་འཁོར་བསྡད་དེ་རྫོང་དང་གྲོང་ཁྱེར་དུ་བསྐྱོད་ཐུབ་ཀྱི་འདུག དངོས་གནས་སྟབས་བདེ་པོ་འདུག་ལ་སྤ་སེ་ཡང་གོང་ཁེ་པོ་འདུག”ཅེས་བཤད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཕྱིས་ནས། རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།

    ལོ་ལྔའི་རིང་། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་3123ལག་བསྟར་བྱས་པ་དང་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་3.82གསར་སྐྲུན་རྒྱས་སྐྲུན་བྱས་ཏེ། ཤང་དང་གྲོང་རྡལ་286དང་། སྒྲིག་ཚུད་གྲོང་ཚོ་2905 མཐའ་སྲུང་རང་བྱུང་གྲོང་ཚོ་236 ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་ས་ཚིགས(ཁུལ)391བཅས་ཀྱི་ལམ་བུ་འབྲེལ་མཐུད་གནད་དོན་ཐག་གཅོད་བྱས་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱི་གྲོང་གསེབ་ཏུ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་8.68ཟིན་པ་དང་། ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཚད་100%དང་99.96%སོ་སོ་ཟིན་པ། ཤང་དང་གྲོང་རྡལ་654དང་སྒྲིག་ཚུད་གྲོང་ཚོ་4094ལ་ཨར་འདམ་ལམ་བུ་བཏིང་བ། རླངས་འཁོར་ཤར་གཏོང་ཐུབ་ཚད་94.1%དང་74.8%ཟིན་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་སུ་རིམ་པ་དང་པོ་དང་དེ་ཡན་གྱི་གཞུང་ལམ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ལམ་ཐག་ཁྱོན་སྤྱི་ལེ་1000ཟིན་པ་དང་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་གཞུང་ལམ་སྤྱི་ལེ་ཁྲི་4.05རིང་དུ་སོང་བ་དང་། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་728ཟིན་པ་དང་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་51.7%འཕར་ཡོད།

    འགྲིམ་འགྲུལ་འཛུགས་སྐྲུན་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་གྱུར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་སྟེ། མ་དངུལ་སྒོར་དུང་ཕྱུར་2516བཏང་བ་དང་འཆར་གཞི་ལས་བརྒལ་ནས་མ་དངུལ་སྒོར་དུང་ཕྱུར་128བཏང་བ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་མ་འཇོག་སྒོར་དུང་ཕྱུར་680བཏང་བའི་ལྡབ་3.7ཟིན་ཞིང་། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་གི་བཅུ་ཆ་གསུམ་ཡན་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།