དབུ་ཤོག>ཆེད་སྒྲིག
  • ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་པོ་ཉུང་གཏོང་གི་ལམ་བུ། དབུལ་སྒྲོལ་འགག་སྒྲོལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2021-03-03

    “ང་ཚོས་རང་རྒྱལ་གྱི་རྒྱལ་བབ་ལ་གཞི་ཚུགས་པ་དང་དབུལ་པོ་ཉུང་གཏོང་གི་ཆོས་ཉིད་ལ་སྟངས་འཛིན་བྱས་ནས། རྒྱུན་གཏན་མ་ཡིན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་མ་ལག་དང་། ལས་དོན་གྱི་མ་ལག ལམ་ལུགས་ཀྱི་མ་ལག་བཅས་ཆ་ཚང་ཞིག་བཙུགས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་པོ་ཉུང་གཏོང་གི་ལམ་བུར་སྐྱོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཟློག་གི་རིགས་པའི་གཞུང་ལུགས་གྲུབ་ཡོད”ཅེས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་གྲུབ་པའི་ཉམས་མྱོང་དང་ངོས་འཛིན་གལ་ཆེན་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་སྦྲགས། ཉམས་མྱོང་དང་ངོས་འཛིན་གལ་ཆེན་འདི་དག་ནི། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་དང་། མར་ཁེ་སི་རིང་ལུགས་ཀྱི་དབུལ་ཟློག་གི་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་ཀྱང་གནང་ཡོད།

    དབུལ་པོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་གཅོང་ནད་ལྟ་བུ་ཞིག་རེད། དབུལ་ཟློག་ནི་སྔ་ཕྱི་བར་གསུམ་དུ་གནའ་དེང་རྒྱལ་ཁབ་ཕྱི་ནང་གི་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་གལ་ཆེན་ཞིག་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ད་ཆ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་9899ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་ཁྲི་12.8ཚང་མ་དབུལ་པོའི་གྲལ་ནས་འདོན་པ། ས་ཁོངས་རང་བཞིན་སྤྱི་ཡོངས་དབུལ་པོ་ཡིན་པའི་གནད་དོན་ཐག་གཅོད་ཐུབ་པ། དབུལ་པོ་དབུལ་རྐྱང་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྒྲོལ་འགག་སྒྲོལ་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་ཧྭ་མི་རིགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་བསམ་པའི་གཤིས་རྒྱུད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ། གཅིག་རྗེས་གཉིས་མཐུད་ངང་འབད་འཐབ་བྱེད་པའི་སྙིང་སྟོབས་བརྟན་པོ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད”ཅེས་ནན་བཤད་གནང་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ལེགས་ཆ་གང་ལེགས་མངོན་པ་དང་། ཀྲུང་གོ་གུང་ཁྲན་ཏང“འཇོན་པོ”དང་། མར་ཁེ་སིའི་རིང་ལུགས“ཡང་དག་པ”ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས“ཡག་པ”བཅས་ཡོད་དོན་ལ་ལན་གསལ་པོ་བཏབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་གྲུབ་པའི་ཉམས་མྱོང་དང་ངོས་འཛིན་གལ་ཆེན་དེ་དག“མཐའ་འཁྱོངས་བདུན”ལ་ཕྱོགས་སྡོམ་གནང་ཡོད་པ་སྟེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྟོབས་དང་ལྡན་པའི་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཐུན་མོང་ཕྱུག་འགྱུར་གྱི་འགྲོ་ལམ་དུ་སྐྱོད་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཐུན་མོང་བློ་སྟོབས་དང་ཐུན་མོང་བྱ་སྤྱོད་གྲུབ་པ། གནད་སྨིན་དབུལ་སྐྱོར་གྱི་མཛད་ཇུས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་བརྟེན་ཏེ་དབུལ་པོའི་རྩ་བ་དྲུངས་ནས་སྦྱིན་པ། རྒྱ་ཆེའི་མང་ཚོགས་དབུལ་པོའི་ཧུར་སེམས་དང་། རང་འགུལ། གསར་གཏོད་ཀྱི་བསམ་པ་བཅས་འཕེལ་བ་མཐའ་འཁྱོངས་བྱས་ནས། དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ། ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རོགས་རེས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་ཧྲིལ་པོར་ཉེན་སེལ་དབུལ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་པ། དམ་པ་དོན་གཉེར་དང་མཁྲེགས་སར་གཏུགས་ཕོད་པ་མཐའ་འཁྱོངས་བྱས་ནས། དབུལ་སྐྱོར་ངོ་མ་དང་། དབུལ་པོ་ངོ་མ་དབུལ་སྐྱོར། དབུལ་པོ་ངོ་མ་དབུལ་སྒྲོལ་བཅས་བྱས་ཡོད”“མཐའ་འཁྱོངས་བདུན”པོ་འདི་དག་དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་དང་། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བཏབ་ཡོད་པས། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་གལ་ཆེན་ཡིན་པ་དང་། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་སྐྱོད་པ། མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

    འགོ་འཛུགས་ས་གསར་པར་གཞི་ཚུགས་ཏེ་རྒྱང་སྐྱོད་ཀྱི་ལམ་གསར་པར་ཧུར་ཐག་སྐྱོད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ། མདུན་སྐྱོད་ལམ་དུ་འཕྲད་པའི་དཀའ་ངལ་དང་ཉེན་ཁ་གང་རུང་ལས་རྣམ་པར་རྒྱལ་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་ཐུབ་ངེས་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བྱ་བ་རེ་རེ་བཞིན་བསྒྲུབས་པ་དང་ལོ་དང་ལོ་བསྟུད་ནས་ལས་ཀ་ཧུར་ཐག་བྱས་ཚེ། མི་དམངས་ཡོངས་ཀྱི་ཐུན་མོང་ཐོག་འབྱོར་ཕྱུག་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བར་དེ་བས་མངོན་གསལ་དོད་པའི་དོན་དམ་པའི་འཕེལ་རིམ་ཐོན་ཐུབ་ངེས་རེད། ང་ཚོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་བསྐྱོད་ཚེ། དབུལ་སྒྲོལ་འགག་སྒྲོལ་ལྟ་བུའི་དོན་ཆེན་དང་སྒྲུབ་དཀའ་བའི་ལས་དོན་མང་པོ་སྒྲུབ་ཐུབ་ནས་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་ཐུབ་ངེས་རེད། ང་ཚོས་ཚན་རིག་དང་མཐུན་པའི་བྱེད་ཐབས་གནད་སྨིན་མཐའ་འཁྱོངས་དང་ལས་ཀའི་བླང་བྱ་དོན་འཁྱོལ་གནད་སྨིན་བྱེད་པ་དང་འཕེལ་རྒྱས་ཀྱི་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་མཐའ་འཁྱོངས་བྱས་ཚེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་ཚན་རིག་དང་མཐུན་པའི་ཐབས་ལམ་དང་རྒྱུན་སྲིང་གི་སྒུལ་ཤུགས་མཁོ་འདོན་བྱེད་ཐུབ་ངེས་རེད། ང་ཚོས་མི་དམངས་ཀྱི་ཆེད་དུ་དང་མི་དམངས་ལ་རྟེན་རྒྱུ་མཐའ་འཁྱོངས་དང་། མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས་མི་དམངས་མང་ཚོགས་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་བློ་གྲོས་དང་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཚེ། མི་རྣམས་ཧང་སང་དགོས་པའི་མི་ཡུལ་གྱི་ངོ་མཚར་དེ་བས་མང་བ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀུན་སྤྱོད་དོན་གཉེར་དང་སྤྱི་ཚོགས་ཡོངས་ཀྱི་ཡར་ཐོན་དགེ་བརྩོན་གྱི་དྲང་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ། ཀྲུང་ཧྭ་མི་རིགས་རླུང་བརྟེན་རླབས་གཤགས་དང་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པར་འཛད་མཐའ་མེད་པའི་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་ཐུབ་ངེས་རེད། ང་ཚོས་དངོས་སྒྲུབ་རྒྱལ་དར་དང་དངོས་སྒྲུབ་དམངས་ཕན་མཐའ་འཁྱོངས་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་རིམ་བཞིན་དོན་དངོས་སུ་འགྱུར་ཐུབ་ངེས་རེད།

    “ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་ཀྱི་འདྲེས་མཚམས་སུ་སླེབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་གསར་པ་འགོ་ཚུགས་ཟིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་བྱེད་མཁས་པོ་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་། ལག་ལེན་གྱི་གསར་གཏོད་དང་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ཟམ་མི་ཆད་པ། དཀའ་ངལ་ཁྱད་བསད་དང་འབད་འབུངས་མདུན་སྐྱོད་བཅས་བྱས་ཚེ། ང་ཚོས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་གསར་པར་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་པ་གཏོད་ཐུབ་ངེས་རེད།  (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།