འདི་ནི་ཀྲུང་གོའི་མི་དམངས་ཀྱི་གཟི་བརྗིད་རླབས་ཆེན་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་རླབས་ཆེན། ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་ཆེན་བཅས་རེད།
ཀྲུང་གོ་གུང་ཁྲང་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་བསུ་བའི་མཚམས་སུ། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་9899ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་ཁྲི་12.8ཚང་མ་དབུལ་པོའི་གྲལ་ལས་དོན་པ། ས་ཁོངས་རང་བཞིན་སྤྱི་ཡོངས་དབུལ་པོ་ཡིན་པའི་གནད་དོན་ཐག་གཅོད་ཐུབ་པ། དབུལ་པོ་དབུལ་རྐྱང་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་བྱུང་ནས་སླར་ཡང་ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་པའི་མངོན་པར་བཀྲ་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་ཡོད།
ཟླ་2ཚེས་25ཉིན་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སྤྱི་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་རླབས་ཆེན་ལ་ཁས་ལེན་གང་ལེགས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རྩ་ཆེའི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་རྩོད་རླབས་ཆེན་ནང་གྲུབ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་ལ་རྒྱས་བཤད་གཏིང་ཟབ་བཅས་གནང་བ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་སྐྱོད་པ། མི་དམངས་ཡོངས་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལའང་བླང་བྱ་ཁ་གསལ་བཏོན་པར་བརྟེན། ཀྲུང་ཧྭ་བུ་ཕྲུག་ཚོའི་ཕུགས་འདུན་དོན་གཉེར་དང་ཕུགས་འདུན་སྒྲུབ་པའི་ཆོད་སེམས་དང་གདེང་ཚོད་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་། མི་དམངས་དུང་ཕྱུར་མང་པོས་མུ་མཐུད་འབད་འཐབ་བྱེད་པའི་བློ་སྟོབས་དང་ངར་ཤུགས་ཆེས་ཆེར་འཕེལ་ཡོད།
ཀྲུང་གོས་བཏོད་པའི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་ཀྱིས་དབུལ་ཕོངས་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཤིག་རེད། ཀྲུང་ཧྭ་མི་རིགས་ཀྱིས་དབུལ་པོའི་གནས་ལས་གྲོལ་ནས་ལྟོ་གོས་འཛོམས་པའི་འཚོ་བར་རེ་སྒུག་ཆེན་པོ་བྱེད་པ་དང་། ལྷག་པར་དུ་ཉེ་རབས་རྗེས་སུ་དབུལ་པོའི་དཀའ་ཚེགས་ཀྱིས་ཀྲུང་གོ་མི་དམངས་ལ་དཀའ་ངལ་ཚབས་ཆེན་བཟོས་ཡོད། དབུལ་སྒྲོལ་ནི་ཀྲུང་གོ་མི་དམངས་ཀྱིས་དོན་གཉེར་ལྷོད་མེད་བྱེད་པའི་ཕུགས་འདུན་ལ་གྱུར་པ་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཡང་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པ་ཐོག་མའི་བསམ་འདུན་ལ་མཐའ་འཁྱོངས་བརྩིས་ཡོད། ལོ་ངོ་100ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་དང་། འབད་འབུངས་ཡར་བརྩོན། སྒྱུར་བཅོས་སྒོ་དབྱེ་བཅས་བྱས་ཏེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱ་ཆེད། ཡུན་རིང་དཀའ་ཚེགས་འབད་འཐབ་བྱས་ནས་དབུལ་པོ་ཉུང་དུ་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་དུ་བསྐྱོད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཟློག་རིགས་པའི་གཞུང་ལུགས་གྲུབ་པ་མ་ཟད། ཀྲུང་ཧྭ་མི་རིགས་ལ་འགོག་རྐྱེན་བཟོ་བའི་ལོ་ངོ་སྟོང་ཕྲག་འགའ་ཤས་ཀྱི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་ཆེན་ཐོབ་ཡོད་ལ། མིའི་རིགས་ཀྱིས་དབུལ་པོ་ཉུང་དུ་གཏོང་བའི་ལོ་རྒྱུས་ཐོག་གི་ངོ་མཚར་ཡང་བཏོད་ཡོད།
ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་སྐབས་སུ་མི་འབོར་དུང་ཕྱུར་མང་པོར་ཕན་འདོགས་པའི་ཆུ་ཚད་དེ་བས་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ་ནི་རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་རྔམ་བརྗིད་ལྡན་པའི་ཁས་ལེན་རེད། “འབྱོར་འབྲིང་ཡིན་མིན་འགག་རྩ་ཡུལ་མི་སྤུན་ཟླར་ལྟ་དགོས་ལ། འགག་རྩ་ཡུལ་མི་སྤུན་ཟླ་དབུལ་པོ་དབུལ་སྒྲོལ་ཐུབ་མིན་ལ་ཐུག་ཡོད”ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་པ་དང་དབུལ་སྒྲོལ་འགག་སྒྲོལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་མཐའ་ཚད་ཀྱི་ལས་འགན་ལ་བརྩིས་ཏེ། རྔམ་བརྗིད་ལྡན་ལ་གཞི་ཁྱོན་ཆེ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་མི་དམངས་ཀྱི་དམག་འཐབ་སྒྲིག་འཛུགས་བྱས་ནས་བརྒྱབ་ཡོད། ལོ་བརྒྱད་ཀྱི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་བ་བུ་ཡུག་དང་ཚ་གདུག་སོགས་ལ་མ་འཛེམས་པར་དབུལ་སྐྱོར་གྱི་ལས་དོན་ལ་རྟོག་ཞིབ་ཐེངས་50ལྷག་ཙམ་གནང་ནས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ལ་ཕེབས་ཡོད། སྐུ་ངོ་མས་སྣེ་ཁྲིད་དང་། སྐུ་ངོ་མ་ཕེབས་པ། སྐུ་ངོ་མས་གཡུལ་འགྱེད་ལ་ལྟ་སྐུལ་བཅས་གནང་ནས་སྔ་རྗེས་སུ་ཀྲུང་དབྱང་གི་དབུལ་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་7སྐོང་ཚོགས་གནང་བ་མ་ཟད། ཚོགས་འདུ་གཙོ་སྐྱོང་ཐེངས་མང་གནང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། མི་དམངས་ཀྱི་གཙོ་འཛིན་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་དབུལ་པོ་དང་ཕ་ཡུལ་གྱི་གཉེན་ཉེ་ཚོ་འཚོ་བ་ཡག་པོ་སྐྱེལ་བ་ཐུགས་ལ་བཅངས་པ་དང་། དབུལ་སྐྱོར་ལས་བྱེད་པ་ས་ཡ་ཁ་ཤས་ཀྱིས་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་ཕུལ་བ་དང་། དཀའ་སྤྱད་དངོས་སྒྲུབ། མི་དམངས་དུང་ཕྱུར་མང་པོས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་པ་བརྒྱུད། དབུལ་པོའི་ནང་གི་དབུལ་པོ་དང་འགག་སྒྲོལ་ནང་གི་འགག་སྒྲོལ་རེ་རེ་ལས་རྣམ་པར་རྒྱལ་ཡོད། གངས་ལྗོངས་ས་མཐོ་དང་། མྱ་ངམ་ཐང་། གཡང་གཟར་བྲག་རི། རི་ཁུལ་བཅས་ཀྱི་ཕྱོགས་བཞི་མཚམས་བརྒྱད་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཉི་འོད་འཕྲོས་ཏེ་མི་མང་པོའི་ལས་དབང་ལ་འགྱུར་ལྡོག་བྱུང་བ་དང་། མི་མང་པོའི་ཕུགས་འདུན་མངོན་འགྱུར་བྱུང་བ། མི་མང་པོའི་བདེ་སྐྱིད་ལ་གྲུབ་འབྲས་ཐོབ་པ་བཅས་ས་ཁུལ་དབུལ་པོའི་ས་ཕྱོགས་གང་སར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་རི་ཀླུང་མཛེས་པའི་དུས་རབས་ཀྱི་རྣམ་པས་ཁེངས་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་ལས། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ་དང་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུར་སྲ་ཞིང་བརྟན་པའི་གོམ་སྟབས་ཆེན་པོ་ཞིག་སྤོས་པ་མཚོན་ཡོད། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་བྱུང་བ་དང་། ཡོང་འབབ་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། “སེམས་ཁྲལ་མེད་པ་གཉིས་པ་དང་འགན་ལེན་གསུམ”ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་འགག་རྩའི་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། ས་ཁུལ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ཏེ་འགྲོ་སྐྱོད་དཀའ་བ་དང་། ཆུ་དཀོན་པ། གློག་དཀོན་པ། འཕྲིན་གཏོང་དཀའ་བ། སློབ་གྲྭར་སྐྱོད་དཀའ་བ། སྨན་བཅོས་དཀའ་བ་སོགས་ཀྱི་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་ནས་ཁྱོན་ཡོངས་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དབུལ་སྒྲོལ་བྱུང་བའི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་ནས་ཡིད་ཆེས་དེ་བས་ཆེ་བ་དང་། བློ་རིག་དེ་བས་གསལ་བ། སྙིང་སྟོབས་དེ་བས་ཆེ་བ་བཅས་བྱུང་ནས་རང་ཚུགས་རང་སྟོབས་ཀྱི་གདེང་ཚོད་དང་བློ་སྟོབས་ཆེ་རུ་ཕྱིན་ཡོད། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་ཁྲག་དྲོན་ལ་བརྟེན་ནས་འོས་འགན་སྒྲུབ་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་དམ་བཅའ་ལག་བསྟར་བྱས་ཡོད་ལ། རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པ་ཚོས་སེམས་ནུས་དང་རྔུལ་ཆུ་རི་ཀླུང་དང་ཁྱིམ་ཚང་མང་པོར་བཏོན་ནས་གྲོང་གསེབ་ཏུ་སྲིད་སྐྱོང་བའི་ཏང་གི་རྨང་གཞི་དེ་བས་བརྟན་དུ་བཏང་ཡོད། དབུལ་པོ་ཉུང་དུ་གཏོང་བ་དང་བཅོས་སྐྱོང་གི་ཀྲུང་གོའི་མ་དཔེ་གསར་གཏོད་བྱས་ཏེ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ》གྱི་དབུལ་པོ་ཉུང་དུ་གཏོང་བའི་དམིགས་ཚད་ལོ་10ཡི་སྔ་སྣུར་དུ་མངོན་འགྱུར་བྱས་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་དུ་གཏོང་བའི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་ཐོབ་པ་ལས། ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཚང་མར་དོན་སྙིང་གལ་ཆེན་ལྡན་པའི་བྱ་གཞག་རླབས་ཆེན་འདི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འཁོད་ཆོག་པའི་གསལ་བཤད་གང་ལེགས་བྱས་ཡོད་ལ། འཛམ་གླིང་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་ར་འཕྲོད་བྱས་ཡོད།
ང་ཚོར་གཡུར་ཟའི་གྲུབ་འབྲས་ཐོབ་ཀྱང་། སྔར་བཞིན་དཀའ་ངལ་ལས་སྒྲོལ་བའི་སྙིང་སྟོབས་ཡོད་དགོས། དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་ནི་མཇུག་རྫོགས་པ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཤིག་ཡིན་པས། ལམ་ཐག་རིང་བའི་རྒྱང་སྐྱོད་ཀྱི་ལམ་དུ་མུ་མཐུད་འབད་འཐབ་བྱེད་དགོས། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་རྣམ་པ། བབ་བསྟུན་འཕྲལ་སྒྲུབ། ཡང་འབད་བསྐྱར་འབད། དངོས་འཛིན་དངོས་གྲུབ། དཀའ་སྤྱད་སྙིང་རུས་བཅས་ལ་བརྟེན་ནས། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་རྒྱུས་ཀྱི་འདུན་པ་རླབས་ཆེན་མངོན་འགྱུར་ཐུབ་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།