འདི་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་དུས་མཉམ་དུ་འཁེལ་ཞིང་། ལོ་གསར་ཚེས་གཅིག་གི་ཉིན་མོར་མི་རྣམས་ལོ་གསར་དགའ་གཏོང་བྱེད་པའི་སྐབས་འདིར་བྱང་རྩྭ་ཐང་ཐོག་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ཚུལ་ཁྲིམས་མཐར་ཕྱིན་ཞོགས་ཟས་བཟས་པ་དང་བུ་མོ་འཆི་མེད་བཀྲ་ཤིས་ལ་བྱམས་པོ་ཞིག་བྱས་རྗེས་སྦག་སྦག་བཞོན་ཏེ་བོད་རང་སྐྱོང་ལྗོངས་གསེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བོད་ལྕགས་གླང་ལོའི་སྐོར་གཡེང་ཐོག་མ་དེ་བྱེད་པར་བསྐྱོད།
གསེར་གླིང་མཚོ་རང་བྱུང་སྲུང་སྐྱོང་ཁུལ་བྱང་རྩྭ་ཐང་གི་ལྟེ་བར་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཡོད། རང་བྱུང་ཆ་རྐྱེན་ཞན་པས“མིའི་རིགས་འཚོ་གནས་དཀའ་བའི་ཁུལ”ཞེས་འབོད་ཀྱི་ཡོད་མོད། འོན་ཀྱང་དེ་ནི་རི་སྐྱེས་སྲོག་ཆགས་རྣམས་ཀྱི་དགའ་ཚལ་ཞིག་ཏུ་གྱུར་ཡོད།
སྐོར་གཡེང་བྱེད་པའི་བརྒྱུད་རིམ་ཁྲོད། ཚུལ་ཁྲིམས་མཐར་ཕྱིན་གྱིས་གཙོད་ཁྱུ་ཆུང་ཆུང་ཞིག་ཤེས་རྟོགས་བྱུང་བས་ཆེད་མངགས་བར་ཐག་ཅུང་ཟད་བཞག་སྟེ་ལག་གཡོན་མས་རྒྱང་ཤེལ་གྱིས་ལྟ་ཞིབ་བྱེད་པ་དང་ལག་གཡས་པས་ལྟ་ཞིབ་ཟིན་བྲིས་དེབ་ཐོག་གཙོད་ཁྱུ་གནས་ས་དང་། དུས་ཚོད། རིགས་ཁྱུའི་གྲངས་འབོར་སོགས་ཀྱི་གནས་ཚུལ་བཀོད་ཀྱི་ཡོད།
གསར་འགོད་པས་ཚུལ་ཁྲིམས་མཐར་ཕྱིན་ལ“ད་ལྟ་ཉིན་རེར་སྐོར་གཡེང་སྲུང་སྐྱོང་ཆུ་ཚོད་ག་ཚོད་ཙམ་བྱེད་དགོས་སམ”ཞེས་འདྲི་སྐབས་ཚུལ་ཁྲིམས་མཐར་ཕྱིན་གྱིས“དུས་ཚོད་གཏན་འཁེལ་མེད། སྤྱིར་བཏང་བྱས་ནས་ང་ཚོས་ཉིན་རེར་སྤྱི་ལེ་200ཙམ་བསྐྱོད་དགོས་པས་ཆུ་ཚོད་7ནས་8བར་འགོར་གྱི་ཡོད། གལ་ཏེ་རི་སྐྱེས་སྲོག་ཆགས་སྐྱོབ་རོགས་བྱེད་དགོས་ཚེ་ནང་དུ་མི་ལོག་པར་གུར་རམ་ཡང་ན་རོགས་སྐྱོབ་ས་ཚིགས་སུ་ཕྱིན་ནས་ཉལ་གྱི་ཡོད། སྐབས་རེ་སྐོར་སྲུང་གི་ལས་འགན་ལྕི་པོ་འཕྲད་ཚེ་ཉིན་རེར་སྤྱི་ལེ་400ལྷག་ཙམ་བསྐྱོད་དགོས་ཀྱི་ཡོད”ཅེས་བརྗོད།
ད་ལོ་ལོ་33ལ་སླེབས་པའི་ཚུལ་ཁྲིམས་མཐར་ཕྱིན་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ་བྱས་ནས་ལོ་12སོང་ཞིང་། ཁོང་གི་སྐད་འཕྲིན་མིང་ལའང“གཙོད་སྲུང་སྐྱོང་བྱེད་མཁན་འབྲོག་པ”ཞེས་བཀོད་ཡོད། ཁོང་གིས་རང་ཉིད་ཆུང་དུས་ནས་རི་སྐྱེས་སྲོག་ཆགས་དང་མཉམ་དུ་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས་བྱ་རིགས་བཅུ་ཕྲག་ལས་སླ་པོར་དབྱེ་འབྱེད་ཐུབ་ཀྱི་ཡོད་ལ། སྤྱི་ལེ་ཁ་ཤས་ཀྱི་སའི་རི་སྐྱེས་སྲོག་ཆགས་ཀྱི་རྗེས་ཤུལ་ཡང་རྟོགས་ཐུབ་ཀྱི་ཡོད་ཅེས་བརྗོད། གསར་འགོད་པས་ཁོང་གི་ལག་པའི་ཐོག་རྨ་ཤུལ་ཞིག་ཡོད་པ་མཐོང་སྐབས་ཁོང་གིས་དྲན་གསོ་བྱེད་བཞིན་འདི་ནི་ལོ་ཁ་ཤས་ཀྱི་སྔོན་དུ་གསའ་ཕྲུག་ཅིག་སྐྱོབ་སྐབས་གཟབ་གཟབ་མ་བྱས་པས་སོ་བརྒྱབ་བྱུང་ཞེས་བརྗོད།
བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་ཚུལ་ཁྲིམས་མཐར་ཕྱིན་དང་འདྲ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ་42ཡོད་ཅིང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད། 2015ལོར་བོད་རང་སྐྱོང་ལྗོངས་ཀྱིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་དོ་དམ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཚོད་ལྟ་བྱས་ཏེ“ཅུས་དང་། ཡན་ལག་ཅུས། ས་ཚིགས། ས་ཚུགས”བཅས་རིམ་པ་བཞིའི་དོ་དམ་སྒྲིག་སྲོལ་ལག་བསྟར་དང་། དྲ་མིག་ཅན་གྱི་སྲུང་སྐྱོང་ཁྱབ་གདལ། དོ་དམ་ཡན་ལག་ཅུས་2དང་དོ་དམ་ས་ཚིགས་73བཙུགས་པ་དང་། མིག་སྔར་འབྲོག་པ་780ཆེད་ལས་དོ་དམ་སྲུང་སྐྱོང་པར་གྱུར་ཡོད།
ལྗོངས་ཡོངས་ཀྱི་རྒྱབ་ཁབ་ས་ཆའི་རྒྱ་ཁྱོན་50%ཙམ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་རྗེས་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་ས་མཐོར་དམིགས་བསལ་དུ་ཡོད་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཁག་གཅིག་གི་གྲངས་འབོར་མངོན་གསལ་དོད་པོས་སླར་གསོ་བྱུང་ཡོད།