དབུ་ཤོག>ཆེད་སྒྲིག
  • དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོཌ་ཆེན་འཚོཌ་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-02-26

    1.jpg

    ཟླ་2ཚེས་25ཉིན། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་སོགས་ཀྱིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་མིག་དཔེའི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་མིག་དཔེའི་གཟི་བརྗིད་མཚན་སྙན་ཐོབ་མཁན་མི་སྒེར་དང་གཞུང་དོན་ཆེད་སྐུ་གཤེགས་པའི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་གཉེན་ཉེ་དང་ནང་མིའི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

    2.jpg

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་བསུ་བའི་མཚམས་སུ། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་9899ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་ཁྲི་12.8ཚང་མ་དབུལ་པོའི་གྲལ་ལས་བསྒྲལ་བ། ས་ཁོངས་རང་བཞིན་སྤྱི་ཡོངས་དབུལ་པོ་ཡིན་པའི་གནད་དོན་ཐག་གཅོད་ཐུབ་པ། དབུལ་པོ་དབུལ་རྐྱང་མེད་པ་བཟོ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་བྱུང་ནས་སླར་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ནང་མངོན་པར་བཀྲ་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་ཡོད། འདི་ནི་ཀྲུང་གོ་མི་དམངས་ཀྱི་གཟི་བརྗིད་རླབས་པོ་ཆེ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་རླབས་པོ་ཆེ། ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་པོ་ཆེ་བཅས་རེད།

    3.jpg

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རླབས་ཆེན་གྱི་བྱ་གཞག་གིས་རླབས་ཆེན་གྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་རླབས་ཆེན་གྱི་བྱ་གཞག་ལ་སྣེ་ཁྲིད་བྱེད་ཀྱི་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་འཐབ་རྩོད་ལས“གོང་འོག་སེམས་མཐུན་དང་། ཧྲག་དམག་གཡུལ་འདྲེན། གནད་སྨིན་དངོས་སྒྲུབ། གསར་འབྱེད་གསར་གཏོད། འགག་སྒྲོལ་དཀའ་སེལ། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ”བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་གྲུབ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོའི་དམིགས་ཡུལ་དང་། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་གཤིས་རྒྱུད། ཀྲུང་ཧྭ་མི་རིགས་སྙིང་སྟོབས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་བཅས་དང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་དགོངས་པའི་གཅིག་སྡུད་མངོན་ཚུལ། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་གང་ལེགས་མངོན་ཚུལ་བཅས་ཡིན་ཞིང་། དེས་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་རླབས་པོ་ཆེ་མུ་མཐུད་རྒྱུན་འཛིན་བྱས་ཡོད། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཚང་མས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ། མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ཟམ་མི་ཆད་པར་ལེན་དགོས།

    4.jpg

    ཞི་ཅིན་ཕིང་གིས་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་ཧྭ་མི་རིགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་བསམ་པའི་གཤིས་རྒྱུད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ། མུ་མཐུད་འབད་འཐབ་བྱེད་པའི་སྙིང་སྟོབས་བརྟན་པོ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོས་རང་རྒྱལ་གྱི་རྒྱལ་བབ་ལ་གཞི་ཚུགས་པ་དང་དབུལ་པོ་ཉུང་གཏོང་གི་ཆོས་ཉིད་ལ་སྟངས་འཛིན་བྱས་ནས་རྒྱུན་གཏན་ལས་བརྒལ་བའི་སྲིད་ཇུས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་པས། སྤྱོད་གོ་ཆོད་པའི་སྲིད་ཇུས་ཀྱི་མ་ལག་དང་། ལས་དོན་གྱི་མ་ལག ལམ་ལུགས་ཀྱི་མ་ལག་བཅས་ཆ་ཚང་ཞིག་བཙུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་པོ་ཉུང་གཏོང་གི་ལམ་བུར་བསྐྱོད་པ། དབུལ་པོ་ཟློག་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིགས་པའི་གཞུང་ལུགས་གྲུབ་པ་བཅས་བྱུང་ཡོད།

    5.jpg

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དེ་ཐོག་ནས་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་དང་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་པའི་འགྲོ་ལམ་ཐོག་གོམ་ཞེང་བརྟན་པོ་ཞིག་སྤོ་ཐུབ་པ་མཚོན་གྱི་ཡོད། དེ་དང་ཆབས་ཅིག དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་ནི་མཇུག་བསྡུས་པ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཞིག་རེད་ལ། འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་དང་། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་པའི་ལས་འགན་སྔར་བཞིན་ལྗིད་རྫོབ་ཆེ་ལ་ལམ་ཐག་རིང་པོའང་ཡོད་པ་མཚོན་གྱི་ཡོད། ང་ཚོར་ང་རྒྱལ་དང་། ཁེངས་དྲེགས། གོམ་པ་སྤོ་མཚམས་འཇོག་པའི་རྒྱུ་མཚན་ཅི་ཡང་མེད་པས་ངེས་པར་དུ་བབ་བསྟུན་འཕྲལ་སྒྲུབ་དང་། ཡང་འབད་བསྐྱར་འབད། རྒྱུན་མཐུད་འབད་འཐབ་བཅས་བྱེད་དགོས།

    6.jpg

    ཞི་ཅིན་ཕིང་གིས་བསྟན་དོན། གྲོང་གསེབ་དར་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་བྱུང་བའི་དུས་བབ་གསར་པ་དང་བཏོན་པའི་བླང་བྱ་གསར་པར་གཞི་ཚུགས་རྒྱུར་དམིགས་ཏེ། “ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་རྒྱུན་མཐུད་ངང་ཆུང་དུ་གཏོང་བ། ཡོང་འབབ་ཉུང་བའི་མི་འབོར་དང་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱས་ནས། དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་གཅིག་ཀྱང་མི་ལུས་པ་དང་ཚང་མ་རྗེས་ཟིན་པར་བྱེད་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གཏིང་ཚད་དང་། ཁྱབ་ཚད། དཀའ་ཚད་བཅས་དབུལ་སྒྲོལ་འགག་སྒྲོལ་ལས་ཆུང་བ་མེད་པས། སྲིད་ཇུས་ཀྱི་མ་ལག་དང་། ལས་དོན་གྱི་མ་ལག ལམ་ལུགས་ཀྱི་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། དེ་བས་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཞིང་ལས་སྤུས་ཚད་མཐོ་ལ་ཕན་ནུས་ཆེ་བ་དང་། གྲོང་གསེབ་སྡོད་མལ་དང་ལས་གཏོད་ལ་འཚམ་པ། ཞིང་པ་འབྱོར་ཕྱུག་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།