དབུ་ཤོག>ཆེད་སྒྲིག
  • ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-05

    ལེ་ཚན་གཏོད་པའི་གཏམ།

    ཟླ་1ཚེས་24ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལ་མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུ་བཅས་ལ་གལ་ཆེ་ཞིང་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད།

    《སྲོལ་ཡིག》དྲིལ་བསྒྲགས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱ་ཆེད། དེ་རིང་ནས་བཟུང་འདི་ག་ཚགས་པར་ཐོག“སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི”སྐོར་གྱི་ཆེད་སྒྲིག་ལེ་ཚན་བཏོན་ཏེ་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ཞིབ་ཕྲའི་བྱེད་ཐབས་དང་གསོན་ཉམས་དོད་པའི་ལག་ལེན་འཕྲིན་སྤེལ་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྔར་བས་སྐུལ་ལྕག་བྱ་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།

    “སྔོན་མ་དང་བསྡུར་ན་ཁུལ་ཆུང་གི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་ཕྱིན་འདུག ཁོར་ཡུག་བཟང་པོ་དེ་འདྲའི་ནང་འཚོ་བ་སྐྱེལ་རྒྱུ་བྱུང་བ་དེ་ཧ་ཅང་བདེ་སྐྱིད་ཡིན་བསམ་གྱི་འདུག”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གཙང་རལ་སྡེ་ཁུལ་དྲོ་སྐྱིད་ཁང་གསར་གྱི་གྲོང་མི་སྐུ་ཞབས་ལིའུ་ལགས་ཀྱིས་དེ་ལྟར་བརྗོད།

    ལོ་གཉིས་ལྷག་ཙམ་གྱི་གོང་དུ། དྲོ་སྐྱིད་ཁང་གསར་གྱི་ཕྱོགས་གང་སར་རྩྭ་ངན་སྐྱེས་པ་དང་ཆུ་ལམ་ཡང་གད་སྙིགས་ཀྱིས་ཁེངས་པར་བརྟེན་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ངེས་པར་དུ་བཅོས་སྒྲིག་བྱ་རྒྱུའི་བླང་བྱ་ཁ་གསལ་བཏོན་པའི་ས་ཆར་གྱུར་ཡོད། ལོ་གཉིས་ལྷག་ཙམ་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་ལྷ་ས་གྲོང་ཁྱེར་བཅས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ད་ཆ་ས་ཆ་འདིར་ཆུ་མོ་དྭངས་ལ་ཡུལ་ལྗོངས་ལྟ་ན་སྡུག་པའི་ཆུ་ལམ་སྤྱི་གླིང་དུ་གྱུར་ཡོད།

    ཁོར་ཡུག་མཛེས་པོ་ཡོང་བའི་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཆུ་ལམ་དབུས་མ་དང་། ཆུ་ལམ་ལྷོ་མ། ཆུ་ལམ་བྱང་མ་བཅས་དང་། རྔ་ཆེན་ཡུག་ཁུལ་གྱི་ལྟེ་བའི་ཆུ་ལག ཕོ་བྲང་པོ་ཏ་ལའི་མཐའ་འཁོར་གྱི་ཆུ་ལག་མཉམ་མཐུད། སྔོ་འགྱུར་མཛེས་བཟོ་བཅས་ཀྱི་སྐྱེ་ཁམས་བཅོས་སྒྲིག་འདུ་འགོད་ལག་བསྟར་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་ཚོ་བསྐྲུན་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། གྲོང་ཁྱེར་དུ་སྔོ་ལྗང་ཁེབས་ཚད་མང་དུ་གཏོང་བ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས་མཛེས་སྡུག་འཚོ་བར་རོལ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཕྱོགས་གཅིག་ནས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ལས་དོན་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར(རྫོང)འཛུགས་གཏོད་ཀྱི་ལས་དོན་ལ་དམ་འཛིན་མཐའ་འཁྱོངས་བྱས་པས། དུས་མཚམས་རང་བཞིན་གྱི་འཛུགས་གཏོད་ལས་འགན་ལེགས་གྲུབ་བྱུང་སྟེ་གྲུབ་འབྲས་ངེས་ཅན་ཐོབ་ཡོད།

    2012ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་གྲོང་ཚོ་དང་སྐྱེ་ཁམས་ཤང་དང་གྲོང་རྡལ་འཛུགས་གཏོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་ཁྲོད་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་སྣོད་བཅུད་འཛུགས་གཏོད་ཀྱི་མིང་ཐོབ་པའི་གྲོང་ཁྱེར་ལ་གྱུར་ཡོད། ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། 2020ལོའི་ལོ་མཇུག་བར་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ(ལྷ་སའི་སྡེ་ཁུལ་ཁག་ཚུད་པ)251གྲུབ་འབྲས་ཐོབ་པའི་སྒོ་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོར་བསྐྲུན་པ་དང་སྐྲུན་ཚད་95.4%ཟིན་ཡོད། ཤང་དང་གྲོང་རྡལ་64གྲུབ་འབྲས་ཐོབ་པའི་སྒོ་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་དང་གྲོང་རྡལ་དུ་བསྐྲུན་པ་དང་བསྐྲུན་ཚད་100%ཟིན་ཡོད། མལ་གྲོ་གུང་དཀར་རྫོང་དང་། འདམ་གཞུང་རྫོང་། ཁྲེང་ཀོན་ཆུས། སྟོད་ལུང་བདེ་ཆེན་ཆུས་སོགས་རྫོང(ཆུས)4གྲུབ་འབྲས་ཐོབ་པའི་སྒོ་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང(ཆུས)དུ་བསྐྲུན་པ་དང་འདམ་གཞུང་རྫོང་གྲུབ་འབྲས་ཐོབ་པའི་སྒོ་ནས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་དུ་བསྐྲུན་ཡོད།

    ལྗོན་ཤིང་བཏབ་པ་དང་ལྗོན་ཤིང་ལ་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་ཁྱིམ་གཞིས་བསྐྲུན་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་ནས་ཤིང་འཛུགས་ནགས་བཟོའི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ཤིང་། ལྗོན་ཤིང་འདེབས་པ་དང་། སྔོ་ལྗང་ལ་དགའ་ཞེན། སྔོ་ལྗང་སྲུང་སྐྱོང་། སྔོ་ལྗང་དར་སྤེལ་སོགས་དམངས་ཡོངས་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བཏོད་པར་བརྟེན། གྲོང་ཁྱེར་དང་གྲོང་གསེབ་ཏུ་སྔོ་ལྗང་ཁྱབ་ཚད་མང་དུ་ཕྱིན་ཏེ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བུ་རབས་ཚ་རྒྱུད་ལ་ཕན་པའི་འདུ་ཤེས་མི་སེམས་ལ་འཇགས་པར་བྱས་ཡོད།

    “ལོ་འདི་དག་ནང་སྤྱི་གླིང་བསྐྲུན་པ་དང་གྲོང་ཁྱེར་གྱི་གང་སར་སྔོ་ལྗང་གིས་བརྒྱན་པ་མ་ཟད། མཚན་མོ་གློག་འོད་ཁྲ་ཆིལ་ལེར་ཡོད་པས་སྣེའུ་ཁུལ་གསར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོད”ཅེས་ལྷོ་རིའི་སྤྱི་གླིང་དུ་འཆམ་འཆམ་བྱེད་བཞིན་པའི་གྲོང་མི་སྐུ་ཞབས་མཱ་ལགས་ཀྱིས་མྱོང་ཚོར་ཟབ་མོས་བརྗོད་བྱུང་།

    2012ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷོ་རི་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་ལག་བསྟར་བྱས་ཏེ་རི་ལྡེབས་སུ་ལྗོན་ཤིང་སྣ་ཚོགས་བཏབ་པས། སྔོན་མ་སྐྱ་ཐེར་ཐེར་གྱི་རི་བོ་ད་ཆ་སྔོ་ལྗང་གིས་བརྒྱན་པའི་སྤྱི་གླིང་དུ་བསྐྲུན་པར་བརྟེན། ལོ་ལྟར་བྱེ་མ་ཉིལ་ཚད་ཏུན་4000ཉུང་དུ་ཕྱིན་པ་མ་ཟད། གྲོང་མི་ཚོར་སྐྱེ་ཁམས་ཁོར་ཡུག་ལེགས་པའི་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།

    སྡོད་མལ་ཁོར་ཡུག་བཏོད་ནས་རི་སྔོ་ཆུ་དྭངས་སླར་ཡང་མངོན་པར་བྱས་པ།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྒོར་ཁྲི་200ལྷག་ཙམ་བཏང་སྟེ་འཚོ་བའི་གད་སྙིགས་རིགས་དབྱེའི་སྒྲིག་ཆས་དང་སྙིགས་དབོར་རླངས་འཁོར་ཉོས་པ་དང་། གད་སྙིགས་རིགས་དབྱེའི་སྒྲིག་ཆས་ཆ་ཚང་263སྒྲིག་སྦྱོར་བྱས་ཁར། ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ་དུ་འཚོ་བའི་གད་སྙིགས་རིགས་དབྱེའི་ཚོད་ལྟའི་ལས་དོན་སྤེལ་ཡོད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་མ་དངུལ་སྒོར་ཁྲི་65གྲབས་གསོག་བྱས་ཏེ་དམར་ཤང་དུ“དུད་ཚང་གིས་གད་སྙིགས་གཙང་སེལ་དང་། གྲོང་ཚོ་ནས་བརྗེ་པོ་རྒྱག་པ། ཤང་གིས་བརྒྱུད་སྐྱེལ”བཅས་ཀྱི་གད་སྙིགས་དང་ཅ་དངོས་བརྗེ་པོ་རྒྱག་པའི་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ཚོད་ལྟ་བྱ་ཡུལ་གྲོང་ཚོ་གཉིས་ཏེ་དམར་གྲོང་ཚོ་དང་མཚོ་སྨད་གྲོང་ཚོ་ནས་ཚུར་བསྡུ་ཆོག་པའི་གད་སྙིགས་སྤྱི་རྒྱ་ཁྲི་1.1ཚུར་བསྡུས་པ་དག“སིལ་བཅོལ་སྡེབ་ལེན”གྱི་བྱེད་ཐབས་བརྒྱུད་སྒོར་6995རི་བའི་ཚོང་ཟོག་དང་བརྗེ་པོ་བརྒྱབ་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། “2020ལོ་ནས་2035ལོ་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་སླར་ཡང་ལོ་15འབད་འཐབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ”དང“སྐྱེ་ཁམས་ཁོར་ཡུག་འབྱུང་རྩ་ནས་ལེགས་སུ་ཕྱིན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས”ཞེས་བཏོན་པ་དེས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པར་ཁ་ཕྱོགས་གསལ་སྟོན་དང་འབད་འཐབ་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཡོད། དམིགས་ཚད་དེ་མངོན་འགྱུར་བྱེད་པར་ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ད་ཆ“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་འཇགས་ཡོད། ས་གནས་དེ་གའི་མང་ཚོགས་དེ་བས་མང་བས་སྐྱེ་ཁམས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་ཡོད་པ་དེ་ནི་ལྷ་སས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་མཚོན་ཚུལ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།