དབུ་ཤོག>ཆེད་སྒྲིག
  • འོད་སྟོང་འབར་བའི་དར་ཆ་འདི་གར་ལྷབ་ལྷུབ་ཏུ་གཡོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-04

    95236_yis_1611763200000_s.jpg

    འདི་ནི་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཚོགས་ཁང་ཆུང་ངུའི་ཤུལ་རྙིང་གི་མདུན་ངོས་ཡིན་པ།

      ལེ་ཚན་གཏོད་པའི་གཏམ།

    འོད་སྟོང་རབ་ཏུ་འབར་བའི་ལོ་རྒྱུས་ཀྱི་ལམ་བུར་ཕྱིར་དྲན་བྱེད། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ།

    ཆབ་མདོའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནས་དམག་དཔོན་ཆེ་མོ་ཀྲང་གོ་ཧྭ་ཡི་བཀོད་འདོམས་པུའི་ཤུལ་རྙིང་བར་དང་། དམག་དཔོན་ཆེ་མོ་ཐན་ཀོན་སན་གྱི་དྲན་གསོའི་སྐྱེད་ཚལ་ནས་རྫ་ཡུལ་གྱི་དཔའ་བོའི་རི་ལྡེབས་དྲན་གསོའི་སྐྱེད་ཚལ་བར། བོད་སྐྱོད་སྔོན་སྐྱོད་ལན་གྱི་དྲན་གསོ་ཁང་ནས་ཀླུ་ནང་གི་གཞོན་ནུ་ཤེས་ཡོན་ཅན་གྱི་ས་ཚིགས་བར་སོགས་བོད་ཀྱི་ས་ཁུལ་ཁག་ཏུ་ཁྱབ་པའི་གསར་བརྗེའི་རྗེས་ཤུལ་དེ་དག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཡར་ལངས་བཅིངས་འགྲོལ་དང་རང་ཁྱིམ་རང་བདག་ཡོང་བར་སྣེ་ཁྲིད་གནང་བའི་རྩ་ཆེའི་ལོ་རྒྱུས་ཀྱི་ཤུལ་བཞག་རེད་ལ། ས་མཐོའི་བུ་ཕྲུག་ཚོས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབད་བརྩོན་ཆེན་པོས་བཏོད་པའི་བསམ་པའི་སྒུལ་ཤུགས་དང་དངོས་ཡོད་ཀྱི་རྨང་གཞི་ཞིག་ཀྱང་རེད།

    མདུན་སྐྱོད་བྱེད་པར་བསྐྱོད་ཟིན་པའི་ལམ་བུ་བརྗེད་མི་རུང་བ་དང་། རྒྱང་ཐག་རིང་པོ་ག་ཚོད་སླེབས་པ་དང་འོད་སྟོང་འབར་བའི་འབྱུང་འགྱུར་ཕྱོགས་སུ་ཇི་ཙམ་སླེབས་རུང་སྔོན་ཆད་ཀྱི་ལམ་བུ་གཏན་ནས་བརྗེད་མི་རུང་ལ། རྡོག་ཐོན་བྱེད་དགོས་དོན་གང་ཡིན་པའང་གཏན་ནས་བརྗེད་མི་རུང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ནས། རང་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བསམ་པའི་གཡུལ་ས་གཏོད་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་དད་སེམས་བརྟན་པོ་དང་གསོན་ཉམས་དོད་པའི་ལག་ལེན་གང་ལེགས་མངོན་པར་བྱ་ཆེད། འདི་ག་ཚགས་པར་ཐོག་དེ་རིང་ནས་བཟུང“ལོ་བརྒྱའི་འབད་འབུངས་ལམ་བུ་འགྲིམས། ལམ་བུ་གསར་པར་སྐྱོད་འགོ་འཛུགས —— བོད་ཀྱི་གསར་བརྗེའི་ཤུལ་རྙིང་ལ་ལྟ་སྐོར་བྱེད”ཅེས་པའི་ཆེད་བསྒྲིགས་ལེ་ཚན་འདོན་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་ཚོས་དོ་སྣང་ཡོད་པ་ཞུ།

    ཆབ་མདོ་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་དང་། འཕྲེད་རྒྱུག་རི་རྒྱུད་ཀྱི་ལྷོ་དུམ། འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུའི་བར་རྒྱུད་བཅས་སུ་གནས་པ་དང་། ཤར་རྒྱུད་འབྲི་ཆུས་མཚམས་འབྱེད་པ་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དང་གཙང་པོ་གཅིག་གི་བར་ཐག་ཆོད་ཡོད། བྱང་རྒྱུད་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་འབྲེལ་བ་དང་། ཤར་ལྷོ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་དང་འབྲེལ་བ། ལྷོ་ནུབ་དང་ནུབ་བྱང་གཉིས་ཉིང་ཁྲི་དང་ནག་ཆུ་གྲོང་ཁྱེར་དང་འབྲེལ་ཡོད། དེར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཡན་ཟིན་པ་དང་། གྲོང་ཁུལ་གྱི་ས་བབ་མཐོ་ཚད་སྨི་3200ཟིན་ཡོད། མངའ་ཁོངས་ནང་གི་རང་བྱུང་མཛེས་ལྗོངས་ཧ་ཅང་ལྟ་ན་སྡུག་པ་དང་ལོ་རྒྱུས་རིག་གནས་ཀྱི་རྩ་བ་ཟབ་པས། མཚོ་བོད་ས་མཐོའི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱི་འབྱུང་ཁུངས་གྲས་དང་། ཇ་རྟ་གནའ་ལམ་གྱི་དངོས་ཟོག་འདུ་འགྲེམས་ཁུལ་དང་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་སྦྲེལ་མཐུད་བྱེད་པའི་འགག་གནད་དང་བོད་ནས་མེས་རྒྱལ་ནང་སར་ཐད་ཀར་འགྲོ་སའི་སྒོ་མོ་གལ་ཆེན། བོད་ཀྱི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དུ་སྐར་ལྔའི་དར་དམར་ཐོག་མ་སྒྲེང་ས་བཅས་ཡིན་པས། དེར་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་ཡོད།

    སྟོན་མཇུག་དང་དགུན་ཐོག་མའི་དུས་སུ། གསར་འགོད་པ་དང་བཅས་པ་ལྷ་ས་ནས་རླངས་འཁོར་ལ་བསྡད་དེ་ཆབ་མདོར་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཤུལ་རྙིང་འཚོལ་བར་བསྐྱོད་པ་ཡིན། ཉིན་གཉིས་ཀྱི་འགྲུལ་བཞུད་ནང་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ཅིང་མཛེས་པའི་ཡུལ་ལྗོངས་མིག་གི་ལོངས་སུ་གྱུར་བ་དང་། གསེར་སྐྱེམས་ལ་བརྒལ་སྐབས་ལ་རྩེ་ཁ་བས་བཀླུབས་པ་དང་། ལ་གཤམ་ནགས་ཚལ་སྟུག་པོས་ཁེངས་ཡོད། རྒྱལ་མོ་རྔུལ་ཆུའི་ལམ་གུག་72ནས་བལྟས་ཚེ། ཀྱག་ཀྱོག་གི་ལམ་བུ་དེ་ལམ་ཐག་ཧ་ཅང་རིང་བའི་སྣང་བ་སྟེར་གྱི་ཡོད།

    དེ་གར་འབྱོར་སྐབས་ས་སྲོས་ལ་སླེབས་ཤིང་། མཚན་གཅིག་ངལ་གསོ་བརྒྱབ་རྗེས་ཉིན་གཉིས་པར་ང་ཚོ་ཆབ་མདོའི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་པ་ཡིན། ཁང་ནང་ཧ་ཅང་ཁུ་སིམ་པ་དང་། ལམ་ངོས་ཧ་ཅང་གཙང་བ། གཡས་ཕྱོགས་ཀྱི་སོ་ཕག་དང་རྫ་གཡམ་ལས་བསྐྲུན་པའི་རྒྱ་ཡིག“ཝང”དབྱིབས་དེ་ནི་ཅང་སུའུ་ལུགས་ཀྱི་བཟོ་སྐྲུན་ལ་དཔེ་བལྟས་པ་ཞིག་ཡིན་ཞིང་། དེ་ནི་ཆབ་མདོ་མི་དམངས་སྲིད་དབང་གི་ཚད་ལྡན་གཞུང་ལས་ཁང་དང་པོ་སྟེ། ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཤུལ་རྙིང་དེ་རེད།

    ཆབ་མདོ་གྲོང་ཁྱེར་རིག་གནས(རིག་དངོས་ཅུས)ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་བློ་བཟང་ཆོས་གྲགས་ཀྱིས་དེ་སྔའི་བཟོ་སྐྲུན་དེ་ད་ཆའི་གཞུང་ལས་ཁང་གི་ཤུལ་རྙིང་གནས་ས་ནས་ཅུང་ལྷོ་ལ་ཕྱོགས་པ་དང་། གྲོང་ཁྱེར་ཡོངས་ཀྱི་འཆར་འགོད་ལ་བསམ་གཞིག་བྱས་ཏེ། རང་སྐྱོང་ལྗོངས་རིག་དངོས་ཅུས་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་དམིགས་བསལ་ཆོག་མཆན་ཐོབ་པ་བརྒྱུད། སྔར་ཡོད་ཀྱི་བཟོ་ལྟ་དང་། ཨར་སྐྲུན། རྒྱུ་ཆ་བཅས་ལ་གཞིགས་ནས། བྱང་ཕྱོགས་ཀྱི་སྨི་30ཙམ་གྱི་སར་སྤྱི་ཡོངས་སྤོས་པ་ཞིག་རེད།

    གཞུང་ལས་ཁང་གི་ཤུལ་རྙིང་དེ་ཐོག་སོ་ཉིས་ལྡན་གྱི་འགྲེམས་ཁང་ཆེ་གྲས་གསུམ་ལ་དབྱེ་བ་དང་། དེའི་ནང་ཞིབ་ཅིང་ཕྲ་བའི་པར་རིས་དང་ཡིག་རིགས་གཉིས་ལྡན་གྱི་དཔྱད་གཞིའི་ཡིག་ཆ་དང་རྩ་ཆེའི་ལོ་རྒྱུས་ཀྱི་རིགས་དངོས་གཅིག་སྡུད་བྱས་ཡོད། རྒྱལ་ཡོངས་བཅིངས་འགྲོལ་བཏང་བ་ནས་ཆབ་མདོར་བཅིངས་འགྲོལ་བཏང་བའི་བར་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་ནས་དམངས་གཙོའི་བཅོས་སྒྱུར་བྱས་པའི་བར། དུས་ཀྱི་འཁོར་ཕྱོགས་དང་བསྟུན་ནས་མི་རབས་རྗེས་མ་ཚོར་རྩ་ཆེའི་ལོ་རྒྱུས་ཀྱི་དུས་མཚམས་ཤིག་མངོན་པར་བྱས་ཡོད།

    1950ལོར། བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་གཏོང་བ་བཅས་ཀྱི་ཆེད་དུ། ཏང་ཀྲུང་དབྱང་གིས་ཆབ་མདོའི་གཡུལ་འགྱེད་ལག་བསྟར་བྱེད་འགོ་བཙུགས་ཏེ་བོད་དུ་དཔུང་སྐྱོད་བྱེད་པའི་སྒོ་མོ་ཕྱེ་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གངས་ལྗོངས་ས་མཐོར་ཐེངས་དང་པོར་བཙུགས་པ་དང་། དུས་དེ་ནས་བཟུང་དེ་ཉིད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མདུན་སྐྱོད་ལ་ཁྲིད་སྟོན་བྱེད་པའི་དམར་མདངས་བཀྲ་བའི་དར་ཆ་ཞིག་ལ་གྱུར་ཡོད།

    ཆབ་མདོར་བཅིངས་འགྲོལ་བཏང་བ་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཁྲོད་དུས་རབས་འབྱེད་པ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད། བཅིངས་འགྲོལ་མ་བཏང་གོང་ཆབ་མདོ་ནི་བོད་རྙིང་པ་དང་འདྲ་བར་ཡོ་རོབ་ཀྱི་དུས་རབས་དཀྱིལ་མ་ལས་ཀྱང་རྗེས་ལུས་དང་མུན་ནག་གི་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སུ་གནས་པ་དང་། མི་འབོར་གྱི་5%ཡང་མ་བཟུང་བའི་ཞིང་བྲན་བདག་པོས་ཐོན་སྐྱེད་རྒྱུ་ཆ་དང་ཞིང་བྲན་གྱི་མི་ལུས་རང་དབང་ཚོད་འཛིན་བྱེད་ཀྱི་ཡོད་པས། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོར་དཔྱ་ཁྲལ་དང་། ཁྲལ་འུ་ལག སྐྱེད་ཆེའི་བུ་ལོན་བཅས་ཀྱི་བཤུ་གཞོག་དྲག་པོ་ཕོག་པ་མ་ཟད། འཇིག་རྟེན་ཐོག་མཐོང་དཀོན་པའི་གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་གཉའ་གནོན་དང་ཉེས་ཁྲིམས་ལྕི་པོའང་ཕོག་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་མ་ཐག་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བོད་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ལ་ཕན་ཐོགས་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད་པའི་ཕྱོགས་ནས་འགོ་བཙུགས་ཏེ། “བོད་དུ་དཔུང་སྐྱོད་བྱ་རྒྱུ་དེ་སྔ་ཙམ་བྱེད་པ་ལས་ཕྱི་དྲགས་མི་རུང་བའི”འཐབ་ཇུས་བཀོད་སྒྲིག་གནང་བ་མ་ཟད། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་མཛད་ཕྱོགས་གཏན་འཁེལ་ཡང་གནང་བ་རེད། འོན་ཀྱང་། སྐབས་དེ་དུས་ཀྱི་བོད་ས་གནས་སྲིད་གཞུང་གིས་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱི་ངན་སྐུལ་དང་བཙན་ཁྲིད་འོག་རྒྱལ་ཁབ་དང་བོད་ཀྱི་མི་དམངས་ཀྱི་ཁེ་ཕན་ལ་མི་བལྟོས་པར་ཀྲུང་དབྱང་སྲིད་གཞུང་དང་ཞི་བའི་གྲོས་མོལ་བྱེད་པའི་འབོད་སྐུལ་དང་ལེན་གཏན་ནས་མི་བྱེད་པར་སྔར་བཞིན་བོད་ཧམ་བཟུང་དང་མུ་མཐུད་བོད་ཀྱི་མི་དམངས་ལ་གཉའ་གནོན་གཏོང་བའི་སྟོང་བསམ་བཅངས་པ་མ་ཟད། བོད་དམག་གི་གཙོ་དམག་སྐོང་བསྡུ་བྱས་ནས་འབྲི་ཆུའི་ནུབ་ངོགས་སུ་སྒར་བརྒྱབ་ནས་འབྲི་ཆུའི་བཙན་ས་བཟུང་སྟེ་དྲག་ཤུགས་ལ་བརྟེན་ནས་ཞི་བས་བཅིངས་འགྲོལ་གཏོང་བར་འགོག་རྒོལ་བྱེད་པའི་རེ་ངན་བཅངས། ཞི་བས་བཅིངས་འགྲོལ་གཏོང་བའི་འཕེལ་རིམ་ལ་འགོག་རྐྱེན་འཕྲད་པའི་གནས་ཚུལ་འོག་1950ལོའི་ཟླ་10པར། ཀྲུང་དབྱང་སྲིད་གཞུང་གིས་གཡུལ་འགྱེད་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བའི་ཆབ་མདོའི་གཡུལ་འགྱེད་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། དཔའ་མཛངས་ལྡན་ལ་དམག་འཐབ་ལ་མཁས་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མིས་གངས་རི་བརྒལ་བ་དང། ཆུ་བོ་སྒྲོལ་བ། གཡང་གཟར་ལ་འཛེགས་པ། རི་གཟར་བརྒལ་བ། སེམས་ཤུགས་འདོན་པ་བཅས་ཀྱི་ཐོག་ནས། ཟླ་10ཚེས་19ཉིན་ཆབ་མདོའི་གནའ་གྲོང་ལ་བཅིངས་འགྲོལ་བཏང་བའི་ཁྱབ་བསྒྲགས་བྱས་ཏེ་སྐར་ལྔའི་དར་དམར་དང་པོ་དེ་བོད་དུ་བཙུགས་པ་དང་རླུང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།

    1950ལོའི་ཟླ་12ཚེས་27ཉིན་ནས་1951ལོའི་ཟླ་1ཚེས་1ཉིན་བར། ཆབ་མདོའི་ལས་རིགས་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་ནས། གྲོས་མོལ་འདེམས་བསྐོ་བརྒྱུད། ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་བཙུགས་པ་རེད། དེ་རྗེས་སྟེང་ཆེན་དང་སྤོ་བོ་རྫོང་དུ་ཆབ་མདོ་ས་ཁུལ་གྱི་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ཁང་དང་པོ་དང་གཉིས་པ་བཙུགས་པ་དང་། རྫོང་ཁག་ཏུ་ཡང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་སྔ་རྗེས་སུ་བཙུགས་པ་རེད།

    ཆབ་མདོར་བཅིངས་འགྲོལ་བཏང་བ་ནས་དམངས་གཙོ་བཅོས་སྒྱུར་བར། ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་སྟེ། འཐབ་ཕྱོགས་གཅིག་གྱུར་གྱི་ངོ་བོ་ལྡན་པའི་གནས་སྐབས་ས་གནས་སྲིད་འཛིན་གྱི་སྒྲིག་གཞི་འཛུགས་རིང་། བོད་ཀྱི་ལོ་རྒྱུས་ཐོག་གི་དེང་རབས་སློབ་གྲྭ་དང་པོ་དང་། གཞུང་བཙུགས་སྨན་ཁང་དང་པོ། སྦྲག་སྲིད་ཁང་དང་པོ་ལ་སོགས་བཙུགས་ཡོད།

    གཞུང་ལས་ཁང་གི་ཤུལ་རྙིང་ནས་ལམ་རྟགས་བརྒྱུད་མདུན་དུ་བསྐྱོད་ཚེ། ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཚོགས་ཁང་ཆུང་ཆུང་དེར་སླེབས་ཀྱི་ཡོད། ཚོགས་ཁང་ཆུང་ཆུང་གི་ཉམས་བཟོ་དེ་ནི་དེ་སྔའི་གཞུང་ལས་ཁང་གི་ཤུལ་རྙིང་ལས་ལོ་གཅིག་གིས་ཕྱི་བ་ཡོད་པ་དང་སུའུ་ཀྲོའུ་ལུགས་བཟོ་སྐྲུན་ལ་དཔེ་བལྟས་པ་ཞིག་ཡིན་པ་དང་ཆབ་མདོ་ས་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོགས་ཆེད་བསྐྲུན་པ་ཞིག་རེད། དེ་རྗེས་ཆབ་མདོའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཏང་སྲིད་ཚོགས་འདུ་ཚང་མ་དེ་གར་ཚོགས་ཀྱི་ཡོད། ཚོགས་ཁང་ནང་གི་སྒྲོག་འགྲེལ་སྟེགས་བུ་དང་། རྐུབ་སྟེགས་སྔར་བཞིན་བསྒྲིགས་ཡོད་པ་དང་མའོ་ཙེ་ཏུང་གིས་འཐབ་འཛིང་པ་ཚོར་སྒྲོག་འགྲེལ་གནང་བའི་རས་སྟེང་གི་རི་མོ་དེ་སྔར་བཞིན་གསོན་ཉམས་དོད་པོར་གནས་ཡོད།

    2016ལོའི་ཟླ་8པར། ཆབ་མདོའི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་དང་། བྱེད་སྒོ་སྣ་ཚོགས་སྤེལ་རིང་མཚོན་བྱེད་རང་བཞིན་ཆེ་ཤོས་ནི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཡིན། འབྲེལ་ཡོད་བླང་བྱ་དག་ལག་དེབ་བཟོས་ནས་གཞུང་ལས་ཁང་གི་ཤུལ་རྙིང་གི་ཐོག་སོ་གཉིས་པའི་ཟུར་ཞིག་ཏུ་བཞག་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་གྱི་དམ་འཇོག་ཁང་དང་། རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་ཁང་། ཏང་ཡོན་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁང་བཅས་དང་དེ་བཞིན་ཏང་སྲོལ་སྲིད་གཙང་གི་ཉེན་ཟོན་སློབ་གསོའི་འགྲེམས་ཁང་བཅས་ཡིན་པའི་ཚོགས་ཁང་ཆུང་ཆུང་དེས་ནུས་པ་མུ་མཐུད་འདོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།