འདི་ནི་ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་གཞུང་ལམ་གསར་སྐྲུན་རྒྱས་སྐྲུན་ལས་གྲྭའི(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)ལྷ་སའི་དུམ་བུའི་རྣམ་པ་ཡིན་པ།
ཟླ་2ཚེས་1ཉིན་G4218གཡག་རྔ་ནས་ཡེ་ཁྲེང་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་གཞུང་ལམ་གསར་སྐྲུན་རྒྱས་སྐྲུན་ལས་གྲྭའི(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)ལྷ་སའི་དུམ་བུར་རླངས་འཁོར་ཚོད་གཏོང་བྱས་པ་རེད། ལམ་དུམ་དེའི་རིང་ཚད་ཧྲིལ་པོར་སྤྱི་ལེ་40ཡོད་པ་དང་སྤྱི་ཚོགས་ཐོག་གི་འཁོར་རིགས་ཆུང་གྲས་དང་ཞིབ་མཆན་བཀོད་པའི་དམིགས་བསལ་རླངས་འཁོར་གཞུང་ལམ་འདིའི་ཐོག་སྐྱོད་ཆོག་པ་དང་ལམ་རིན་སྤྲོད་དགོས་ཀྱི་མེད། ལམ་དུམ་དེར་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཆུ་ཤུར་རྫོང་ནས་ལྷ་ས་གྲོང་ཁུལ་བར་ཆུ་ཚོད་ཕྱེད་ཀ་ཙམ་ནང་འབྱོར་གྱི་ཡོད་པ་དང་བོད་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་ཁྱོན་བསྡོམས་སྤྱི་ལེ་728ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་གཞུང་ལམ་གསར་སྐྲུན་རྒྱས་སྐྲུན་ལས་གྲྭའི་ལྷ་སའི་དུམ་བུ་དེ་ལྷ་གོང་གནམ་ཐང་མྱུར་བགྲོད་གཞུང་ལམ་ཤེལ་གྲོང་སྦྲེལ་མཐུད་ལངས་གཟུགས་གཞུང་ལམ་ནས་འགོ་བཙུགས་པ་དང་ཆུ་ཤུར་རྫོང་ཚ་རགས་ཞབས་ཞུ་ཁུལ་ནས་མཇུག་བསྡུས་ཡོད།
དེའི་བར་ལམ་ཐག་སྤྱི་ལེ་40ཡོད་ཅིང་། “རིམ་པ་དང་པོའི་གཞུང་ལམ་དང་། ལམ་ཧྲིལ་པོ་ལངས་གཟུགས་ཡིན་པ། ཁག་གཅིག་ལ་འཛུལ་ཐོན་ཚོད་འཛིན་བྱེད་པ”བཅས་ཀྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་དང་། མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་100ལ་ཇུས་འགོད་བྱས་པ། གཞོགས་གཉིས་ལ་རླངས་འཁོར་བཞི་འགྲོ་ཐུབ་ཀྱི་ཡོད།