དབུ་ཤོག>ཆེད་སྒྲིག
  • ​ དཀའ་སྤྱད་འབད་བརྩོན་བྱས་པས་འཚོ་བ་ཉིན་བཞིན་ཡག་ཏུ་སོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-02-03

    120932_yis_1612281600000_s.jpg

    འདི་ནི་སྦྲ་ཆེན་རྫོང་དབུལ་སྐྱོར་གྱོན་གོས་ལས་སྣོན་བཟོ་གྲྭར་ལྷག་རྒྱལ(གཡས་ཀྱི་དང་པོ)དང་བཟོ་པ་ཚོས་གྱོན་གོས་འཚེམ་བཞིན་པ།

    120934_yis_1612281600000_s.jpg

    འདི་ནི་ལྷག་རྒྱལ་གྱིས་གསར་འགོད་པར་མཉམ་ལས་ཁང་གི་ཆ་འཕྲིན་ཁག་གཅིག་ངོ་སྤྲོད་བྱེད་བཞིན་པ།

    123140_yis_1612281600000_s.jpg

    (དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)

    ཁྱིམ་ཚང་གི་ལོ་རྒྱུས།

    ལྷག་རྒྱལ། ལོ་52 ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་རས་ནང་གྲོང་ཚོའི་གྲོང་མི། ངལ་ནུས་མེད་པའི་དབང་གིས་2015ལོའི་ལོ་མཇུག་ཏུ་ལྷག་རྒྱལ་གྱི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག 2016ལོར་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་འོག ལྷག་རྒྱལ་བཟའ་ཚོ་གཉིས་ལ་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་རག 2018ལོའི་ཟླ་11པར་ལྷག་རྒྱལ་གྲོང་ཚོའི་མཉམ་ལས་ཁང་ནང་ཞུགས་པས་ལོ་རེར་ཁེ་སྤོགས་བགོ་བཤའ་སྒོར་6000རག 2018ལོའི་ཟླ་12པར་ལྷག་རྒྱལ་གྱི་ནང་མི་ཚོ་རྫོང་གྲོང་གི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་སྤོས། 2019ལོའི་ཟླ་4པར་ལྷག་རྒྱལ་སྦྲ་ཆེན་རྫོང་དབུལ་སྐྱོར་གྱོན་གོས་ལས་སྣོན་བཟོ་གྲྭར་ལས་ཀར་ཞུགས། 2019ལོའི་ཟླ་9པར་ལྷག་རྒྱལ་གྱིས་རང་འགུལ་ངང་དབུལ་སྒྲོལ་ཞྭ་ཕུད་ཀྱི་རེ་ཞུ་ཕུལ་ཡོད།

    “ལྷག་རྒྱལ་གྱིས་དཀའ་སྤྱད་འབད་བརྩོན་དང་སྲིད་གཞུང་གི་རོགས་རམ་འོག་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་ནི་ཧ་ཅང་ལེགས”སྦྲ་ཆེན་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ལས་དོན་པ་ཚེ་རིང་ནོར་བུའི་ངོ་སྤྲོད་འོག་གསར་འགོད་པ་དང་བཅས་པ་རླངས་འཁོར་བསྡད་དེ་ལྷག་རྒྱལ་གྱི་ཁྱིམ་དུ་བསྐྱོད་པ་ཡིན། ལམ་རྒྱུད་དུ་གསར་དུ་བཏིང་བའི་སྣུམ་ནག་གཞུང་ལམ་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་རྫོང་གྲོང་ནས་ཐོན་ཏེ་སྐར་མ་10ཙམ་ལས་མ་སོང་བར་ལྷག་རྒྱལ་གྱི་ཁྱིམ་དུ་འབྱོར།

    “དེ་རིང་མཉམ་ལས་ཁང་དུ་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་སོང་། གྲོང་ཚོའི་དུད་ཚང་22ཀྱི་ཞིང་འབྲོག་པ་དུད་ཚང་རེར་ཁེ་སྤོགས་སྒོར་6000ཙམ་བགོས་སོང”ཞེས་ལྷག་རྒྱལ་གྱིས་གཞུང་ཡིག་བླུགས་སྣོད་ནས་ཁེ་སྤོགས་བགོ་གྲངས་བཏོན་ཏེ་གསར་འགོད་པར་ངོ་སྤྲོད་བྱས། 2018ལོའི་ཟླ་11པར་སྲིད་གཞུང་གི་རོགས་སྐྱོར་འོག་གྲོང་ཚོར་མཉམ་ལས་ཁང་བཙུགས་རྗེས་ལྷག་རྒྱལ་རང་འགུལ་ངང་དེའི་ནང་ཞུགས་པ་མ་ཟད་མཉམ་ལས་ཁང་གི་ཏུང་ཧྲི་ཀྲང་ལ་འོས་འདེམས་བྱས། མཉམ་ལས་ཁང་དེས་གཙོ་བོ་ཇ་ཁང་དང་སྒྲོམ་སྟེགས་སྤོ་ལོ་ཁང་གཉེར་སྐྱོང་བྱས་པས་མིག་སྔའི་བར་ཁེ་སྤོགས་སྒོར་ཁྲི་24ལྷག་ཙམ་བྱུང་ཡོད།

    ད་ལྟ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་པའི་ལྷག་རྒྱལ་སྔོན་ཆད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་བསམ་ཡུལ་ལས་འདས།

    “སྔོན་ཆད་ང་ཚོ་ནང་མི་7གྱི་སྡོད་ཁང་ནི་རྒྱ་ཁྱོན་སྨི་ངོས་གྲུ་40ཙམ་ལས་མེད་པའི་ས་ཁང་གོག་ཧྲུལ་ཞིག་ཡིན་སྟབས། ལྷག་པ་དང་ཐིག་པ་འགོག་ཐབས་མེད། ཁྱིམ་ལའང་གཏན་འཇགས་ཀྱི་ཡོང་འབབ་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད”སྔོན་ཆད་ལྷག་རྒྱལ་ཁྱིམ་གྱི་འཚོ་བའི་ཡོངས་ཁུངས་གཙོ་བོ་དབྱར་རྩྭ་དགུན་འབུ་འཐུ་རྒྱུ་དེ་རེད། འོན་ཀྱང་ཉེ་བའི་ལོ་འགའི་རིང་ལྷག་རྒྱལ་ལ་མིག་ནད་ཕོག་སྟེ་མིག་ཤེས་ཞན་དུ་སོང་བས་ཕྱི་རོལ་དུ་ཡུན་རིང་པོ་ངལ་རྩོལ་བྱེད་མི་ཐུབ་སྟབས་ཁྱིམ་ཚང་གི་ཁུར་པོ་ཡོངས་རྫོགས་བཟའ་ཟླའི་ཕྲག་ཐོག་ཏུ་བབས།

    2015ལོའི་ལོ་མཇུག་ཏུ། གནད་སྨིན་དབྱེ་འབྱེད་བྱས་པ་བརྒྱུད་ལྷག་རྒྱལ་གྱི་ཁྱིམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ལྷག་རྒྱལ་བཟའ་ཚོ་གཉིས་ལ་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་རག ལྷག་རྒྱལ་གྱིས“2016ལོ་ནས་2017ལོར་ང་གཉིས་ལ་མི་རེར་ལོ་རེར་ཁ་གསབ་དངུལ་སྒོར་3000རག་པ་དང་2018ལོ་ནས་བཟུང་མི་རེར་ལོ་རེར་སྒོར་3500བར་སྤར་བྱུང”ཞེས་བཤད།

    2018ལོར་ས་གནས་སྲིད་གཞུང་གིས་མ་དངུལ་བཏང་སྟེ་མཉམ་ལས་ཁང་འཛུགས་རྒྱུའི་སྐོར་ཤེས་འཕྲལ་ལྷག་རྒྱལ་གྱིས་དེའི་ནང་ཞུགས་རྒྱུའི་རེ་ཞུ་འབུལ་བ་དང་འབྲེལ་གྲོང་ཚོའི་དུད་ཚང་དབུལ་པོ་གཞན་དག་ཀྱང་དེའི་ནང་ཞུགས་རྒྱུར་ཁ་ཏ་བྱས། མཉམ་ལས་ཁང་འཛུགས་སྐབས་བཅུག་པའི་ཞིང་འབྲོག་པ་དུད་ཚང་22ཀྱི་ཁྲོད་17ནི་དབུལ་པོ་རེད། ལྷག་རྒྱལ་གྱི་སྣེ་ཁྲིད་འོག་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་མཉམ་ལས་ཁང་གཉེར་སྐྱོང་ཡག་པོ་བྱས་པས་གྲོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར།

    “ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི”གནད་དོན་ལ་དམིགས་ཏེ། སྦྲ་ཆེན་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་2018ལོའི་ལོ་མཇུག་ཏུ་ལྷག་རྒྱལ་ཁྱིམ་ཡང་སྦྲ་ཆེན་རྫོང་གྲོང་གི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་སྤོས།

    2019ལོའི་ལོ་མགོར་སྦྲ་ཆེན་རྫོང་གིས་བཀོད་སྒྲིག་ས་ཚིགས་སུ་དབུལ་སྐྱོར་གྱོན་གོས་ལས་སྣོན་བཟོ་གྲྭ་བཙུགས་ཏེ་གཙོ་བོ་མི་རིགས་གྱོན་གོས་དང་སློབ་གོས་ལས་སྣོན་བྱས་པས་ལྷག་རྒྱལ་ཚུད་པའི་མང་ཚོགས་དབུལ་པོ་ཁྱོན་17ལས་ཞུགས་ཐུབ་ཡོད། ཡོང་འབབ་བརྟན་པོ་བྱུང་རྗེས་2019ལོའི་ཟླ་9པར་ལྷག་རྒྱལ་གྱིས་རང་འགུལ་ངང་དབུལ་སྒྲོལ་ཞྭ་ཕུད་ཀྱི་རེ་ཞུ་ཕུལ་ཞིང་། ཁོང་གིས“གུང་ཁྲན་ཏང་ཡོད་སར་རེ་བ་ཡོད། ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདི་འདྲ་ཡོད་ལ་ཚང་མ་ང་ཚོའི་ཆེད་དུ་བསམ་བློ་གཏོང་གི་ཡོད་པས་ང་ཚོས་དཀའ་སྤྱད་འབད་བརྩོན་བྱས་ཚེ་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་ངེས་རེད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།