དབུ་ཤོག>ཆེད་སྒྲིག
  • སྐལ་བཟང་མེ་ཏོག་ལྟར་མེས་རྒྱལ་གྱི་མཐའ་མཚམས་སུ་རྩ་བ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-31

    ● ཆ་གྲུབ་ཀྱིས། ད་ཆ་ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་ཚེ་སྐར་མ་ཁ་ཤས་མ་གཏོགས་འགོར་གྱི་མེད།

    ● མིག་སྒྲོན་གྱིས། ཉིན་ལྟར་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱས་པར་ཁ་གསབ་སྒོར་200རག་གི་ཡོད། འབྲས་ཤིང་དེ་དག་སྐྱེ་འཚར་ཡག་པོ་བྱུང་ནས་འབྲས་བུ་སྨིན་ཚེ་སེ་འབྲུ་དག་བཙོངས་ནས་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད།

    ● 2016ལོར་རྒྱལ་ནོར་བུ་གྲོང་ཚོ་མཐའ་མཚམས་འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་གྱི་ཁོངས་སུ་བཅུག་པ་དང་། ལོ་གཉིས་སོང་རྗེས་རྒྱལ་ནོར་བུ་གྲོང་ཚོ་འདི་ཉིད་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བསྐྲུན་ཡོད། 

    ● ཀུན་བཟང་བསྟན་འཛིན་གྱིས། སྣུམ་ནག་ལམ་ཤར་གཏོང་ཐུབ་པས་ད་ཆ་རྫོང་གྲོང་བར་ཆུ་ཚོད་གཉིས་གསུམ་ལས་འགོར་གྱི་མེད། ད་ཆ་རྒྱལ་ནོར་བུ་གྲོང་ཚོའི་མང་ཚོགས་ཀྱི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.6ལྷག་ཙམ་ཟིན་གྱི་ཡོད།

    རྫ་ཡུལ་རྫོང་གི་ཐག་རིང་ཤོས་དང་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་གྲོང་ཚོའི་གྲས་ཤིག་ཡིན་པའི་མུ་སྤེལ་གྲོང་ཚོ་ནི་རི་མཐོ་གཡང་གཟར་དུ་གནས་པས་རང་བྱུང་གནོད་འཚེ་ཡང་ཡང་ཐོན་པ་དང་། ཐོན་ཁུངས་དཀོན་པོ་ཡོད།

    ལོ་ལྔའི་གོང་། གྲོང་ཚོ་ཆུང་ཆུང་དེར་དུད་ཚང་29ཡོད་པའི་ཁྲོད་24དུད་ཚང་དབུལ་པོ་ཡིན་པ་དང་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2300ཙམ་ལས་མེད།

    ལོ་75ལ་སླེབས་པའི་མུ་སྤེལ་གྲོང་ཚོའི་གྲོང་མི་བཀྲ་ཤིས་དབང་རྒྱལ་གྱིས། དེ་སྔོན་གྲོང་ཚོའི་ནང་གི་ཕྲུ་གུ་ཤང་དུ་སློབ་གྲྭར་སྐྱོད་སྐབས་ཉིན་གཅིག་གཉིས་ཀྱི་རི་ལམ་བརྒྱུད་དགོས་ཤིང་། འགྲོ་ལམ་ཀྱག་ཀྱོག་དང་གཡང་གཟར་བས་ཕྲུ་གུ་མང་པོ་ཞིག་གི་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་ཡག་ཤོས་དེ་ཤོར་གྱི་ཡོད་པ་རེད། མུ་སྤེལ་གྲོང་ཚོའི་གྲོང་མིའི་སློབ་རྒྱུས་མཐོ་ཤོས་སློབ་ཆུང་གི་ཆུ་ཚད་ལས་མེད་པ་དང་གྲོང་མི་ཁག་གཅིག་ཐ་ན་ཚེ་གང་གྲོང་ཚོ་དེ་ནས་ཁ་འབྲལ་མྱོང་མེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མུ་སྤེལ་གྲོང་ཚོའི་མང་ཚོགས་མུ་སྤེལ་གྲོང་གསར་དུ་སྤོས་ཡོད། མུ་སྤེལ་གྲོང་ཚོ་ནས་མུ་སྤེལ་གྲོང་གསར་གྱི་འགྱུར་ལྡོག་ལས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་འགྱུར་བ་མཚོན་གྱི་ཡོད།

    གྲོང་མི་བཀྲ་ཤིས་དབང་རྒྱལ་གྱི་ཁྱིམ་དུ་སྐྱོད་སྐབས་བོད་བཟོའི་ཐོག་ཁང་ཧ་ཅང་མངོན་ཆེ་བ་ཞིག་ཡོད་ཅིང་། ཁང་པའི་ནང་གི་དེང་རབས་ཅན་གྱི་ཁྱིམ་སྤྱོད་གློག་ཆས་དང་བོད་བཟོའི་ཁྱིམ་ཆས་ཆ་ཚང་པོ་ཡོད། སྒེའུ་ཁུང་ནས་ཕྱིར་བལྟས་ཚེ་གྲོང་ཚོའི་ཨར་འདམ་གཞུང་ལམ་འཕྲེད་གཞུང་སྣོལ་མར་གནས་པ་དང་བོད་བཟོའི་སྒོ་ར་སྟར་པ་བཞིན་གྲལ་ལྟར་སྒྲིག་པོས་གནས་ཡོད། “ལོ་དེ་དག་རིང་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཞིང་། ཁྱིམ་གྱི་སྒོ་རྩ་ནས་སྤྱི་སྤྱོད་རླངས་འཁོར་བསྡད་དེ་ཅ་དངོས་ཉོ་སྒྲུབ་བྱེད་པར་འགྲོ་ཆོག་པས་ཧ་ཅང་སྟབས་བདེ་པོ་འདུག”

    “ད་ཆ་ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་ཚེ་སྐར་མ་ཁ་ཤས་མ་གཏོགས་འགོར་གྱི་མེད”ཅེས་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་མུ་སྤེལ་གྲོང་གསར་གྱི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཆ་གྲུབ་ཀྱིས་སེམས་འགུལ་ཐེབས་བཞིན་གསར་འགོད་པར་བརྗོད། དེ་སྔའི་ལུང་ཁུག་ནས་གྲོང་གསར་དུ་སྤོས་རྗེས་ཁྱིམ་ཚང་ཚང་མ་སྡོད་ཁང་གསར་པའི་ནང་སྤོ་རྒྱུ་བྱུང་བ་མ་ཟད། ད་དུང་གྲོང་མིའི་བསམ་བློའི་འདུ་ཤེས་ཀྱང་བསྒྱུར་ནས། ཚང་མས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཐབས་ལམ་ཧུར་ཐག་འཚོལ་བ་སྟེ། ཁག་གཅིག་གིས་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་གྱི་ལས་ལ་གཞོལ་བ་དང་། ཁག་གཅིག་གིས་མ་བྱན་གྱི་ལག་རྩལ་སྦྱོང་བ། ཁག་གཅིག་གིས་གྲོང་ཚོའི་ནང་ཇ་ཁང་བཙུགས་པ་བཅས་བྱས་ཡོད།

    གནས་སྤོས་ཐུབ་པ་མ་ཟད། ད་དུང་ཕྱུག་པོ་ཡང་ཆགས་པ་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། རང་ལྗོངས་ཀྱིས་ནང་སྐྱེས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་མཐའ་མཚམས་ཀྱི་ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་དང་མཐའ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་མི་དམངས་ཀྱི་འཚོ་བ་དང་མཐའ་སྲུང་གི་སྟོབས་ཤུགས་མཉམ་དུ་ཆེ་རུ་འགྲོ་ཐུབ་པ་བྱས་ཡོད།

    རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོར་ས་ཁམས་གནས་ཡུལ་ཐག་རིང་བ་དང་མང་ཚོགས་ཀྱི་འཚོ་བར་ཅུང་དཀའ་ངལ་ཡོད་པས་ཉེ་རིང་གང་སར་སྐད་གྲགས་ཡོད་པའི་གྲོང་ཚོ་སྐྱོ་པོ་ཞིག་རེད། ད་ཆ་ས་མ་གྲོང་ཚོའི་ཁྱད་ལྡན་གསོ་ཚགས་སོགས་ཕྱུག་འགྱུར་རྣམ་གྲངས་ཚ་ཚ་འུར་འུར་ངང་གཉེར་བཞིན་ཡོད།

    ས་མ་གྲོང་ཚོའི་གྲོང་ལྷན་གནས་ཡུལ་ནས་ལུང་གཞུང་ཕྱོགས་སུ་བསྐྱོད་ཚེ། ཡངས་ཤིང་རྒྱ་ཆེ་བའི་ཐང་གཤོངས་ཤིག་མིག་ལམ་དུ་མངོན། དེ་ནི་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོས་བཏབ་པའི་ཐུ་ནི་སིའི་སེ་འབྲུའི་རྟེན་གཞི་རེད། “ཉིན་ལྟར་ཁྱིམ་གྱི་སྒོ་རྩར་ལས་ཀ་བྱས་པར་ཁ་གསབ་སྒོར་200ཡོད། འབྲས་ཤིང་དེ་དག་སྐྱེ་འཚར་ཡག་པོ་བྱུང་ནས་འབྲས་བུ་སྨིན་ཚེ་སེ་འབྲུ་དག་བཙོངས་ནས་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད”ཅེས་དེ་གར་ལས་ཀ་བྱས་ནས་ཟླ་བ་གཉིས་ཙམ་སོང་བའི་གྲོང་མི་མིག་སྒྲོན་གྱིས་བརྗོད།

    མཐའ་མཚམས་མི་དམངས་མཐའ་མཚམས་ཀྱི་འཐབ་ས་དང་པོར་འཚོ་བར་སྐྱེལ་བཞིན་ཡོད་པས་དེ་གའི་ལེགས་ཆར་རྒྱུས་མངའ་ཡོད་པ་མ་ཟད། ད་དུང་ཁྱིམ་གཞིས་སྲུང་བའི་བརྩེ་སེམས་ཟབ་མོ་ལྡན་པས། མཐའ་སྲུང་མཐའ་བརྟན་གྱི་སྟོབས་ཤུགས་ཆེ་ཤོས་ཤིག་རེད།

    ལྷོ་ཁའི་ཐག་རིང་ཤོས་ཀྱི་རྫོང་ཁུལ་ལྷོ་བྲག་དང་། ལ་རྒྱབ་ཤང་རྒྱ་ལ་ཕུག་གྲོང་ཚོ་ནི་ལྷོ་བྲག་རྫོང་གི་ཐག་རིང་ཤོས་ཀྱི་མཐའ་ཁུལ་ཞིག་རེད། དེ་ག་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཆ་རྐྱེན་དཀའ་ཚེགས་ཆེ་རུང་། མཐའ་མཚམས་མང་ཚོགས་མི་རབས་ནས་མི་རབས་ཀྱིས་ལྷག་བསམ་ཟོལ་མེད་ངང་བདག་དབང་སྲུང་བ་དང་གསལ་བསྒྲགས་བྱེད་པའི“བསམ་པའི་མཐོ་ས”ཞིག་རེད།

    1995ལོར་ལ་རྒྱབ་ཤང་གི་ཤང་ཀྲང་ཀུན་བཟང་བསྟན་འཛིན་གྱིས་གཅེན་པོ་ཚེ་དབང་བསྟན་འཛིན་དང་། གཅུང་པོ་ཕུན་ཚོགས་ནོར་བུ། ཨ་ཞང་བསོད་ནམས་ཆོས་འཕེལ་དང་མི་འགྱུར་བཀྲ་ཤིས་བཅས་སྐུལ་སློང་བྱས་ནས། ཕྱུགས་རིགས་མགོ་གྲངས་62དང་། རྒྱ་མ་10ཡང་མ་ཟིན་པའི་འབྲས། ཕོན་ཆེན་པོ་རང་མེད་པའི་རྩམ་པ། ཞོག་ཁོག་རྩྭ་རས་ཕྱེད་ཀ་བཅས་ཁྱེར་ཏེ་རྒྱ་ལ་ཕུག་གྲོང་ཚོར་བསྐྱོད་ནས་ཕྱུགས་འཚོ་མཐའ་སྲུང་གི་འཚོ་བ་སྐྱེལ་འགོ་ཚུགས་པ་རེད།

    “སྐབས་དེ་དུས་ལོ་ཕྱེད་ཙམ་གངས་ཀྱིས་ལམ་འགགས་ནས་ཕྱི་རོལ་དང་འབྲེལ་བ་བྱེད་ཐབས་བྲལ་བ་རེད”ཅེས་མི་འགྱུར་བཀྲ་ཤིས་ཀྱིས་དྲན་གསོ་བྱེད་བཞིན་བརྗོད་པ་དང་། སྐབས་དེ་དུས་དེ་གར་མི་སྡོད་མཁན་མེད། ཁང་མིག་གཉིས་ཡོད་པའི་ཁང་ཆུང་དེ་ཡང་གོག་ཧྲུལ་དུ་གྱུར་པ་མ་ཟད། ད་དུང་དྲེད་མོང་དང་གཟིག་སོགས་གཅན་གཟན་ལ་འགོག་ཟོན་ཡང་བྱེད་དགོས་ཀྱི་ཡོད།

    མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མེས་རྒྱལ་གྱི་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ས་ཁུལ་གྱི་དུད་ཚང་དབུལ་པོ་དུས་བཀག་བཞིན་དབུལ་སྒྲོལ་ཡོང་བའི་འགན་ལེན་བྱ་ཆེད། རང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་628ལ་སྡོད་ཁང་སྒྱུར་བཀོད་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་འདེགས་འཐུས་སྒོ་ཚང་དུ་གཏོང་བ། དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བ། སྣོད་བཅུད་དང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་སོགས་གཙོ་གནད་ནང་དོན་དུ་བྱས་པའི་འབྱོར་འབྲིང་གྲོང་ཚོ་ཆུང་ངུ་བསྐྲུན་ཡོད།

    2016ལོར་རྒྱ་ལ་ཕུག་གྲོང་ཚོ་མཐའ་མཚམས་འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་ལ་བཅུག་པ་དང་། ལོ་གཉིས་སོང་རྗེས་རྒྱ་ལ་ཕུག་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་ཡོད། རྒྱ་ལ་ཕུག་གྲོང་ཚོ་ཐག་རིང་འབྲོག་པའི་ས་ཚིགས་ནས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བསྒྱུར་ནས། ཆུ་དང་། གློག འཕྲིན་གཏོང་། སྡོད་ཁང་བཅས་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད།

    “སྣུམ་ནག་ལམ་ཤར་གཏོང་ཐུབ་པས་ད་ཆ་རྫོང་གྲོང་དུ་བསྐྱོད་པར་ཆུ་ཚོད་གཉིས་གསུམ་ལས་འགོར་གྱི་མེད”ཅེས་ཀུན་བཟང་བསྟན་འཛིན་གྱིས་བརྗོད་པ་དང་། ཁོང་གིས“ད་ཆ་རྒྱ་ལ་ཕུག་གྲོང་ཚོའི་མང་ཚོགས་ཀྱི་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.6ཟིན་གྱི་ཡོད”ཅེས་བརྗོད།

    ཏང་གི་འོད་སྟོང་མཐའ་མཚམས་ཕྱོགས་སུ་འཕྲོས། མཐའ་མཚམས་མི་དམངས་ཀྱི་བློ་ཁ་ཏང་ལ་ཕྱོགས། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བསམ་བློ་མཐའ་མཚམས་ས་ཁུལ་དུ་གཞི་ཚུགས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་པ་དང་། མི་ཚང་མ་ནི་མེས་རྒྱལ་གྱི་གནས་ཚད་ཅིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།