ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་རང་ལྗོངས་ཀྱིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མི་དམངས་དམག་འཁྲུག་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་མགྱོགས་མྱུར་བརྒྱབ་སྟེ་གཞན་གྱི་སྔོན་ལ་གཏན་འཁེལ་ནད་དཔེར་སྨན་བཅོས་ཐུབ་པ་དང་། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ། དཔལ་འབྱོར་འཕར་ཐུབ་པ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་7.8%འཕར་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལྷག་ཙམ་ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། རིམས་འགོག་དང་གཅིག་འདོམས། འཕེལ་རྒྱས་བཅས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་བཅས་བྱུང་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་སྤྱི་ཡོངས་དབུལ་སྒྲོལ་ཐད། མང་ཚོགས་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1ལྷག་ཙམ་ཟིན་ནས་མུ་མཐུད་ཀྲུང་དབྱང་གིས“ཕྱོགས་བསྡུས་གདེང་འཇོག་བཟང་པོར”གཏན་འཁེལ་བྱས་པ་དང་། དབུལ་པོ་དབུལ་རྐྱང་གཅིག་ཀྱང་མི་ལྷག་པའི་རྒྱལ་ཁ་ཐོབ་ནས་ངོ་ལོ་སྟོང་ཕྲག་རིང་གཡོལ་ཐབས་བྲལ་བའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་མཐར་ཕྱིན་པ་ཐུབ་ཡོད། མངའ་རིས་དང་བོད་དབུས་གློག་དྲ་དྲ་སྦྲེལ་གྱི་ལས་གྲྭ་ཧྲིལ་པོ་སྦྲེལ་མཐུད་ཐུབ་པ་དང་། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོ་སྐྲུན་འགོ་ཚུགས་པ། ལྷ་ཉིང་ལྕགས་ལམ་ཕྱོགས་ཡོངས་ནས་བཏིང་བ། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱས་པ་བཅས་དུས་རབས་རང་བཞིན་གྱི་ལས་གྲྭར་སྐུལ་མ་ཆེན་པོ་ཐེབས་ཡོད། འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་95%ཟིན་པ་དང་། ངལ་རྩོལ་ལོ་ནའི་མི་འབོར་གཙོ་བོའི་སློབ་གསོ་ཐོབ་ཚད་ལོ་10.2ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པ། ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས“གཙང་སེལ”གྱི་འགུལ་རྣམ་རྒྱུན་འཁྱོངས་བྱེད་པ་བཅས་ལས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་འཐབ་ཇུས་ལས་འགན་དེ་བས་ཁ་གསལ་བཏོན་པ། “དོན་ཆེན་བཞིས”མི་རྣམས་མདུན་སྐྱོད་བྱེད་པར་སྐུལ་ལྕག་བྱེད་པ་བཅས་ལས་མཛེས་སྡུག་ལྡན་པའི་མདུན་ལམ་ཆེན་པོ་མངོན་ཡོད་པ་རེད།