“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀྲུང་དབྱང་དང་ས་གནས་ཀྱིས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པ་བརྒྱུད། བོད་ཀྱི་གྲོང་མིའི་ཡོང་འབབ་ཟམ་མི་ཆད་པར་འཕར་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2020ལོར་བོད་ཀྱི་གྲོང་མི་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21744ཟིན་པ་དེ་2015ལོ་ལས་77.4%འཕར་ཡོད།
གྲངས་གཞི་ལས་མངོན་པར། 2020ལོར། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་41156དང་སྒོར་14598ཟིན་པ་དེ་དུས་མཚུངས་ལས་སོ་སོར་10%དང་12.7%འཕར་ཡོད།
ཕྱུག་པོ་ཆགས་པའི་བོད་ཀྱི་མི་དམངས་ཀྱི་འཛད་སྤྱོད་རིམ་པ་འཕར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་ཞིང་འབྲོག་མང་ཚོགས་མི་རེས་ཆ་སྙོམས་འབྲུ་རིགས་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ་126ཆག་པ་དང་། སྔོ་ཚལ་འཛད་སྤྱོད་བྱེད་ཚད་སྤྱི་རྒྱ་23མང་དུ་སོང་བ། གྱོན་གོས་འཛད་སྤྱོད་བྱེད་ཚད་སྒོར་584མང་དུ་སོང་བ། འགྲིམ་འགྲུལ་དང་འཕྲིན་གཏོང་གི་གཏོང་སྒོ་ལྡབ་གཅིག་ཙམ་འཕར་བ། སྨན་བཅོས་དང་བདེ་སྲུང་གི་གཏོང་སྒོ་160.9%མང་དུ་སོང་བ། ཆ་སྙོམས་མི་རེའི་རིག་གནས་རོལ་རྩེད་ཞབས་ཞུའི་གཏོང་སྒོ་167.6%འཕར་ཡོད།
བོད་ལྗོངས་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གི་ཡུལ་མི་བསྟན་འཛིན་གྱིས་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་རག་མ་ཐག་ལྷ་སར་རླངས་འཁོར་ཉོ་བར་བསྐྱོད། “ད་ཆ་འཚོ་བ་ཡག་ཏུ་སོང་ཡོད་ལ། ཕྲུ་གུ་གཉིས་སློབ་ཆེན་ཐོན་ནས་ལས་ཀར་ཡོད། བཟའ་ཟླ་དང་ངས་ཞིང་འདེབས་ཞོར་གླ་པར་འགྲོ་གི་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་གསབ་ཡོད་ལ། ལོར་མི་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཡོད”ཅེས་བསྟན་འཛིན་གྱིས་གསར་འགོད་པར་བཤད།
བོད་ཀྱི་འགྲིམ་འགྲུལ་དང་ཟོག་འགྲུལ་གྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་སོང་བ་དང་། ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་སོང་བ་དང་བསྟུན་ནས། ས་མཐོར་དྲ་ཐོག་ནས་ཅ་དངོས་ཉོ་མཁན་གྱི་གྲངས་འབོར་དང་འཛད་སྤྱོད་ཀྱི་དངུལ་གྲངས་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།
2020ལོར་ལྷ་ཞིམ་དྲ་རྒྱར“བཅུ་གཅིག་ཟུང”རིང་། བོད་ཀྱིས་ཚོང་འགྲིག་ཚད་སྒོར་དུང་ཕྱུར་4.12ཟིན་ནས་ཚོང་ཟོག་བྱ་སྤུའི་སྟོད་ཐུང་དང་། ལག་ཐོགས་ཁ་པར། སྲིང་བལ་སྟོད་ཐུང་སོགས་ལ་འཛད་སྤྱོད་པ་མང་པོས་དགའ་པོ་བྱེད་ཀྱི་ཡོད། “ངས་རང་ཉིད་ལ་སྒེག་རྫས་འགའ་ཉོས་པ་དང་གཅུང་མོར་ལག་ཐོགས་ཁ་པར་ཞིག་ཉོས་པ་ཡིན་ལ། ཨ་མར་བྱ་སྤུའི་སྟོད་ཐུང་ཞིག་ཀྱང་ཉོས་པ་ཡིན”ཞེས་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཆོས་སྒྲོན་གྱིས་བཤད།
ཅ་དངོས་ཉོ་བ་ཕུད། ས་མཐོའི་མང་ཚོགས་ཀྱིས་བུ་ཕྲུག་གི་སློབ་གསོར་མཐོང་ཆེན་པོ་བྱེད་བཞིན་ཡོད། ད་ཆ་དགུན་ཁའི་གུང་གསེང་ཡིན་པས། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་གསོ་སྦྱོང་སྒྲིག་གཞི་མང་པོས་སློབ་མ་བསྡུ་བཞིན་ཡོད། གྲོང་མི་དོན་གྲུབ་ཚེ་རིང་གིས་བུ་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་འཛིན་གྲྭར་མིང་ཐོ་བཀོད་ཅིང་། ཁོང་གིས“ངའི་བུ་དུས་རྒྱུན་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་པས། དགུན་ཁའི་གུང་གསེང་གི་སྐབས་དང་བསྟུན་ཏེ་མིང་ཐོ་བཀོད་པ་ཡིན། གཅིག་ནས་ཕྲུ་གུའི་དགའ་མོས་འཕེལ་ཐུབ་པ་དང་། གཉིས་ནས་ཚོགས་པའི་མཉམ་ལས་ཀྱི་བསམ་བློར་སློབ་སྦྱོང་ཐུབ་ཆེད་དུ་ཡིན”ཞེས་བཤད།
“ཡོང་འབབ་མང་དུ་སོང་བ་དང་། འཛད་སྤྱོད་བྱེད་སྟངས་ཀྱང་སྣ་མང་དུ་ཕྱིན་པས། བོད་ཀྱི་མི་སེར་ཚོའི་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་མ་ཟད། དེང་རབས་ཅན་གྱི་བོད་ལྗོངས་གསར་པར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་བཞིན་ཡོད་པ་མངོན་ཡོད”ཅེས་བོད་ལྗོངས་སློབ་གྲྭ་ཆེ་མོའི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས་བཤད།