དབུ་ཤོག>ཆེད་སྒྲིག
  • མང་ཚོགས་ལ་ཞབས་འདེགས་ཞུ་རིང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-26

    2020ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཞིས་རྩེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་དོ་དམ་ཨུ་ལྷན་གྱི་མཐོ་རིམ་འབྲོག་ལས་ལག་རྩལ་ཆེ་མོ་བ་ཝུའེ་ཡིའུ་ཞཱ་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་འབྲོག་ལས་ཁོའོ་རུ་གནས་སྐབས་ལས་སྒྱུར་བྱས། ལོ་གཅིག་རིང་ཁོང་གིས་ལས་དོན་ལ་གཞི་ཚུགས་ནས་འགན་འཁྲི་གཙང་སྒྲུབ་དང་དངོས་སྒྲུབ་གསར་གཏོད་བྱས་པས་ལས་དོན་ཁག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ།

    ན་ནིང་ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ལྗོངས་ཕྱི་ནང་ནས་རྩྭ་མུ་ཤུད་དང་། རྩྭ་ཧེ་མའེ། རྩྭ་ཧྲུའུ་ཧོ། རྩྭ་པ་ཆིང་ཕི་ཅེན་སོགས་སྣེ་ཁ་13ཙམ་ནང་འདྲེན་བྱས་པ་དང་། ཝུའེ་ཡིའུ་ཞཱ་དང་ཁོང་གི་ཚོགས་པས་པ་སྣམ་དང་། གྲོ་མོ། ས་སྐྱ། ས་དགའ། ཁང་དམར། དིང་རི་བཅས་རྫོང་དྲུག་ཏུ་རྩྭ་སྣ་ཁ་མི་འདྲ་བ་དང་། ས་བབ་དང་ས་རྒྱུ་མི་འདྲ་བ་སོགས་ལ་གཞིགས་ནས་སོན་བཟང་ནང་འདྲེན་གྱི་ཚོད་འདེབས་ཀྱི་འཆར་གཞི་བཏོན་ཏེ། ས་བབ་དམའ་བའི་ཁུལ་དུ་ཡུག་པོའི་སྣེ་ཁ་མི་འདྲ་བ་བཏབ་པས་ལོ་གཅིག་གི་ཐོན་འབབ་ཕན་ཚུན་བསྡུར་ནས་ཚོད་ལྟ་བྱས་པ་དང་། ས་བབ་མི་འདྲ་བའི་ཁུལ་དུ་ཡུག་པོའི་སྣེ་ཁ་མི་འདྲ་བ་དང་རྩྭ་མུ་ཤུད་བཏབ་པའི་ཞིང་ཁ་ཆེན་པོ་ཕན་ཚུན་བསྡུར་ནས་ཚོད་ལྟ་བྱས་པ། འབྲོག་རྩྭ་རིགས་མི་འདྲ་བ་བ་ཚྭ་ཅན་གྱི་ཞིང་སར་ནང་འདྲེན་བྱས་པའི་སོན་བཟང་རྐྱང་འདེབས་དང་བསྲེས་འདེབས་ཀྱི་ཚོད་ལྟའི་ཁུལ་ཆུང་གི་འཛུགས་སྐྲུན་འདེབས་འཛུགས་དང་ཞིང་ཁ་ཆེན་པོར་ཚོད་ལྟའི་འདེབས་འཛུགས་བྱས་ཏེ། བསྲེས་འདེབས་དང་རྐྱང་འདེབས་ཀྱི་ཁུལ་ཆུང་24བསྐྲུན་པ་དང་ནང་འདྲེན་བྱས་པའི་སོན་བཟང་གི་ཚོད་ལྟའི་འདེབས་ཁྱོན་མུའུ་180ཟིན་གྱི་ཡོད་པ་རེད།

    ང་ཚོའི་ཚོགས་པས“ས་ཆ་དངོས་སུ་མཛུབ་ཁྲིད་དང་། ཁ་པར་ནས་བློ་འདྲི་དང་མཛུབ་ཁྲིད། སྐད་འཕྲིན་ལས་སྟེགས་བརྒྱུད་བརྙན་ལམ་མཛུབ་ཁྲིད་སོགས་ཀྱི་བྱེད་སྟངས་སྤྱད་དེ། པ་སྣམ་རྫོང་དཔའ་རྩལ་ཤང་ལྷ་མཐོང་གྲོང་ཚོ་དང་འདུས་བྱུང་ཤང་སྐྱོ་པོ་གྲོང་ཚོ་དང་། ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་ལྕང་གསེབ་གྲོང་ཚོ། གྲོ་མོ་རྫོང་ཕག་རི་གྲོང་རྡལ་སྡེ་ཁུལ་གྲོང་ལྷན་གཉིས་པ། ས་དགའ་རྫོང་ཤར་རུ་ཤང་ལ་ཡག་གྲོང་ཚོ། དིང་རི་རྫོང་གྲམ་སོ་ཤང་མཐོང་ལས་གྲོང་ཚོ་སོགས་སུ་འདེབས་འཛུགས་ལག་རྩལ་དང་། ཞིང་ནང་གཡོག་བྱེད། ཐོན་འབབ་ལས་སྣོན་སོགས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ལག་རྩལ་ལ་མཛུབ་ཁྲིད་བྱས་ནས། གཞིས་རྩེ་གྲོང་ཁྱེར་ལ་སྤུས་ལེགས་དང་ཐོན་འབབ་ལེགས་པའི་གཟན་རྩྭ་འདེབས་འཛུགས་བྱེད་པར་ཚོད་ལྟའི་གྲངས་གཞི་ནུས་ལྡན་མཁོ་འདོན་བྱས་ཡོད”ཅེས་ཝུའེ་ཡིའུ་ཞཱ་ཡིས་ངོ་སྤྲོད་གནང་བ་རེད།

    2020ལོའི་ཟླ་3ཚེས་29ཉིན་ནས་ཟླ་4ཚེས་16ཉིན་བར། ཝུའེ་ཡིའུ་ཞཱ་ཡིས་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཚན་རིག་གསོ་ཚགས་ལག་རྩལ་ཞབས་ཞུའི་ཚོགས་པར་རམ་འདེགས་བྱས་ནས་བསམ་གྲུབ་རྩེ་དང་། རྣམ་གླིང་། ས་སྐྱ། ས་དགའ། གྲོ་མོ་བཅས་ཡུག་ཁུལ་ལྔ་རུ་བསྐྱོད་དེ། རྫོང(ཆུས)18ཀྱི་གཞི་རིམ་གྱི་ཕྱུགས་རིགས་སྨན་པ་དང་ཆེད་ལས་ཞིང་འབྲོག་པ་གསར་པ(མཉམ་ལས་ཁང་གི་སྣེ་ཁྲིད་པ)ཁྱོན་མི་413ལ་དུས་ཡུན་ཉིན་19ཡི་རིང་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་། གསོ་ཚགས་ལག་རྩལ་གཤམ་སྤེལ་སྐོར་སྐྱོད་ཞབས་ཞུའི་མཛུབ་ཁྲིད་དང་གསོ་སྦྱོང་བྱས་པས། གཞི་རིམ་གྱི་ཕྱུགས་རིགས་སྨན་པ་དང་མཉམ་ལས་ཁང་གི་སྣེ་ཁྲིད་པའི་རྩལ་ནུས་དང་གཡོག་བྱེད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཏེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་གསོ་ཚགས་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ་རེད།

    དཀའ་བ་སྤྱད་ན་གྲུབ་འབྲས་ཐོབ་ངེས་རེད། 2020ལོར་ཝུའེ་ཡིའུ་ཞཱ་ཡིས་རྩོམ་སྒྲིག་བྱས་པའི《གཞིས་རྩེའི་ན་ཁའི་རྒྱུན་མཐོང་རྩི་ཤིང་དབྱེ་འབྱེད་ལག་དེབ》ཀྲུང་གོ་ཞིང་ལས་ཚན་རིག་ལག་རྩལ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། ཁོང་གིས་ད་དུང《ནོར་ལུག་གསོ་ཚགས་མཉམ་ལས་ཁང་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་མཛུབ་ཁྲིད་ལག་དེབ》དང《ཚན་རིག་དང་མཐུན་པའི་གསོ་ཚགས་ལག་རྩལ་གྱི་མཛུབ་ཁྲིད་ལག་དེབ》རྩོམ་སྒྲིག་ལས་དོན་ལ་ཞུགས་པ་རེད།

    “ལོ་གཅིག་རིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་དངོས་ཀྱི་སྦྱོང་བརྡར་བྱས་པ་བརྒྱུད། ངའི་ཆབ་སྲིད་བསམ་བློའི་གོ་རྟོགས་མཐོ་རུ་དང་ལས་སྒོའི་འཇོན་ཐང་ཆེ་རུ་ངེས་ཅན་ཕྱིན་སོང་། གོམ་སྟབས་རྗེས་མར་ངས་མུ་མཐུད་ལས་འགན་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ནང་ཐོག་མའི་བསམ་འདུན་དང་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དུས་རབས་གསར་པའི་ཞིང་འབྲོག་ཚན་རྩལ་གྱི་ལས་དོན་པ་ཡག་པོ་ཞིག་བྱེད་ཀྱི་ཡིན”ཞེས་ཝུའེ་ཡིའུ་ཞཱ་ཡིས་གསར་འགོད་པར་གསུངས་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།