དབུ་ཤོག>ཆེད་སྒྲིག
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་དམངས་འཚོ་རྒྱུན་མཐུད་ནས་ཆེས་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-25

    “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་ལས་དོན་ཚང་མའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་པ་རེད།

    གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱས་ནས་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་པ།

    ཉེ་བའི་ལོ་ཤས་རིང“ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ཀྱིས་ཡུལ་དེ་གའི་མི་གསོ་མི་ཐུབ་པའི”གནད་དོན་ལ་དམིགས་ནས་ནག་ཆུ་གྲོང་ཁྱེར་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་ཏན་ཏིག་སྤེལ་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་12654ཡི་མི་50335དང་དེ་བཞིན་རྗེས་མཐུད་ཀྱི་ཐོན་ལས་དབུལ་སྐྱོར་ལ་སྤྱི་འདོམས་བཀོད་སྒྲིག་བྱས་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རང་ལྗོངས་ཀྱིས་རིགས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་ཆ་ཚང་ཁྲི་23བསྐྲུན་པ་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་སྒྲིག་བཀོད་ཆ་ཚང་ཁྲི་13ལེགས་སྒྲུབ་བྱས་པ། དྲོད་རླངས་མཁོ་འདོན་གཞི་ཁྱོན་སྨི་ངོས་གྲུ་ཁྲི་1100མང་དུ་བཏང་ནས་རྫོང་14ལ་དྲོད་རླངས་མཁོ་འདོན་བྱས་པ། ཆུ་མཁོ་འདོན་བཟོ་གྲྭ་79བསྐྲུན་ནས་གྲོང་ཁྱེར་དུ་ཆུ་མཁོ་འདོན་ཁྱབ་གདལ་གཏོང་ཚད་བརྒྱ་ཆའི་གྲངས་9.8འཕར་བ་དང་གྲོང་ཁྱེར་གྱི་མདོང་ལམ་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་27%ནས་32%བར་མང་དུ་བཏང་བ། ལྷ་ས་ལྟེ་བ་དང་། ས་ཁུལ་དང་གྲོང་ཁྱེར་མཚམས་ཚིགས། རྫོང་གྲོང་རྨང་གཞིར་བཅས་བྱས་ནས། མཚོ་བོད་ས་མཐོར་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་བརྟན་པོ་བཏང་བ་རེད།

    འཕྲོད་བསྟེན་བདེ་ཐང་གི་དམངས་འཚོའི་འདུ་འགོད་ལས་ཁྱིམ་ཚང་ཁྲི་སྟོང་ལ་བདེ་སྐྱིད་བསྐྲུན་པ།

    2020ལོའི་ཟླ་5པར་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ཧྲིལ་པོ་གནས་སྤོས་བྱས་ཤིང་། སྨན་ཁང་གསར་པའི་སྒོ་བསྟེན་དང་དོས་དྲག་སྨན་བཅོས་ཁང་གི་ཐོག་བརྩེགས་ཁང་ཆེན་དང་། སྨན་རྩལ་ཐོག་བརྩེགས་ཁང་ཆེན། ནད་སྡོད་པུའུ། ལྟེ་བའི་ཁྲག་མཛོད་ཁང་། རིགས་གཅིག་མཁས་པའི་ཐོག་བརྩེགས་ཁང་ཆེན། འབྲེལ་ཡོད་ཆ་སྒྲིག་ནུས་པའི་འཛུགས་སྐྲུན་བཅས་དང་དེ་བཞིན་ཁོངས་གཏོགས་ཀྱི་ལྷན་སྦྱར་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་རེད།

    “ཐོག་བརྩེགས་ཁང་ཆེན་གུ་ཡངས་ལ་གཙང་སྦྲ་དོད་པ་དང་ནད་ཁང་ཡང་དཀར་ཆ་དོད་ཅིང་རྒྱ་ཆེ་བ། ནད་བརྟག་སྨན་བཅོས་ཁང་བཀོད་སྒྲིག་ལུགས་མཐུན་ཡིན་པ་དང་རིགས་གཅིག་མཁས་ཅན་ཡང་མང་བས། ནད་ལྟ་བར་དངོས་གནས་སྟབས་བདེ་པོ་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཉེ་འགྲམ་གྱི་གྲོང་མི་ལྷ་མོས་དེ་ལྟར་བཤད།

    ལྷོ་ཁ་གྲོང་ཁྱེར་གྱི་བདེ་ཐང་དམངས་འཚོའི་འདུ་འགོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་ནི“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད།

    “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་སོང་ཡོད་པ་དང་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་ཁྲི་བཅུ་ཡི་ཆ་ལྔ་བཅུ་དང་སྟོང་ཆ་བརྒྱད་བར་སོ་སོར་ཉུང་དུ་ཕྱིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་སོ་སོར་50%ཆག་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་42.8%མང་དུ་ཕྱིན་ཡོད། རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་དངོས་སུ་སྤྱོད་འགོ་ཚུགས་ཡོད། ཀ་པ་རིམ་པ་གསུམ་པ་སོགས་ཀྱི་སྨན་ཁང་11མང་དུ་བཏང་བ་དང་མི་སྟོང་རེར་ནད་ཁྲི་4.5ནས་4.9བར་མང་དུ་སོང་ཡོད་པ་དང་ནད་གཞི་ཆེ་རིཌ་400ལྗོངས་ནང་ཁུལ་དུ་སྨན་བཅོས་ཐུབ་ཀྱི་ཡོད་པ་རེད།

    སློབ་གསོ་དང་དམངས་འཚོའི་འདུ་འགོད་ལས“རེ་བའི་མེ་ཏོག”བཞད་པ།

    ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ཨ་མ་ཚེ་རིང་ཆོས་འཛོམས་གཅིག་པུས་སློབ་ཆེན་སློབ་མ་3བསྐྱངས་པ་རེད།

    2016ལོར་བུ་མོ་ཆེ་བ་དབང་མཚོ་ཧུའུ་ནན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་དུ་ཚུད་པ་དང་། 2017ལོར་བུ་མོ་འབྲིང་བ་ཚེ་དཔལ་མོ་དང་བུ་ཆུང་བ་ཐན་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་ཧྭ་ཀྲུང་ཞིང་ལས་སློབ་ཆེན་དུ་ཚུད་པ་རེད།

    སློབ་ལ་འབྲས་བཟང་ཐོབ་པའི་བུ་ཕྲུག་ཚོའི་སྐོར་བརྗོད་སྐབས་ཚེ་རིང་ཆོས་འཛོམས་ཀྱིས་རྒྱལ་ཁབ་ཀྱི་བཀའ་དྲིན་མང་པོ་བརྗོད་ཀྱི་ཡོད། “ལོ་ལྟར་བུ་ཕྲུག་གསུམ་པོའི་སློབ་ཡོན་དང་ལམ་རིན་ཁོ་ནར་སྒོར་ཁྲི་3ལྷག་ཙམ་དགོས་ཀྱི་འདུག ང་ཚོའི་ཁྱིམ་ཚང་གི་ངོས་ནས་བརྗོད་ན་དཀའ་ངལ་ཧ་ཅང་ཆེན་པོ་འདུག ཏང་གི་སྲིད་ཇུས་ཀྱི་རོགས་རམ་འོག་འགྲོ་སོང་དེ་དག་ཚང་མ་རྩིས་ཞུ་ཐུབ་བྱུང”ཞེས་ཁོང་གིས་བཤད།

    “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གཅིག་གྱུར་རྩོམ་སྒྲིག་བྱས་པའི་འོས་འགན་སློབ་གསོའི་སློབ་ཚན་གསུམ་གྱི་སློབ་གཞི་ཕྱོགས་ཡོངས་ནས་ཁྱབ་ཐུབ་པ་བྱུང་ཡོད། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་སྤྱིར་ན་མངོན་འགྱུར་བྱུང་ཡོད། དུས་ཡུན་རིང་པོའི་ནང་གནས་པའི་སློབ་མཚམས་ཆད་པའི་གནད་དོན་ལོ་རྒྱུས་རང་བཞིན་གྱིས་སེལ་ཐུབ་ཡོད། “100%ལྔ་ཡི”དམིགས་ཚད་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཡོད། མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་ཚད་དུས་བཀག་ལྟར་ལེགས་གྲུབ་ཐུབ་ཡོད། “དྲ་སྦྲེལ+སློབ་གསོ”སློབ་གྲྭ་འབྲིང་ཆུང་ཚང་མར་ཁྱབ་ཡོད། མཐོ་རིམ་སློབ་གསོའི་སློབ་གཉེར་དང་རིག་ཚན་ཆེད་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། བོད་ལྗོངས་སློབ་ཆེན་གྱི“རྩེ་གྲས་གཉིས”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ། བོད་ལྗོངས་གསོ་རིག་སློབ་ཆེན་དེ་ཉིད་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཚན་པར་གྱུར་ཡོད། བོད་ཀྱི་སློབ་གསོ་དེ་ཉིད“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། གསོ་སྐྱོང་སུའི་ཆེད་དུ་བྱེད་པ”བཅས་ལ་དེ་བས་དམིགས་པའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།