ལྷག་བསམ་རྣམ་དག་གིས་རོགས་རམ་བྱས་ནས་གཞན་ལ་དྲོ་སྐྱིད་སྦྱིན་དགོས།
འདི་ནི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཤེས་ནོར་ཡིན་པ།
2020ལོར་རྒན་ཡོལ་ཞུས་པའི་ཤེས་ནོར་ནི་སྒེར་རྩེ་རྫོང་ལུང་རི་གྲོང་ལྷན་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ཡིན་པ་དང་ལས་འགན་སྒྲུབ་རིང་རང་འགུལ་ངང་མང་ཚོགས་དབུལ་པོར་མ་དངུལ་སྒོར་ཁྲི་40ཙམ་ཞལ་འདེབས་བརྒྱབ་པ་དང་སྦྲགས། མི་སྒེར་གྱིས་འགྲོ་སོང་བཏང་ནས་ས་གནས་དེ་གའི་མང་ཚོགས་དབུལ་པོར་ཁང་པ་གསུམ་བརྒྱབ་པ་རེད། སྒེར་རྩེ་རྫོང་དུ་ཁོང་ལ་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད།
2018ལོར་མངའ་རིས་ས་ཁུལ་གྱིས་ཤེས་ནོར་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལ་འོས་སྦྱོར་བྱས་པ་རེད། ལོ་མང་རིང་གཞི་རིམ་གྱི་འཐབ་ས་དང་པོར་ལས་དོན་སྒྲུབ་བཞིན་པའི་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ས་གནས་དེ་གའི་མང་ཚོགས་དབུལ་པོའི་དབུལ་སྒྲོལ་གྱི་གནད་དོན་ལ་དོ་ཁུར་ཆེན་པོ་གནང་གི་ཡོད། 2019ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཤེས་ནོར་གྱིས་འབྲོག་ཁུལ་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་རྣམ་གྲངས་དེ་བས་མང་བར་མ་དངུལ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད། “ད་ཆ་སྒེར་རྩེ་རྫོང་གི་གྲོང་གསེབ་མང་ཆེ་བར་འབྲོག་ཁུལ་སྒྱུར་བཅོས་ལག་བསྟར་བྱས་པ་དང་འབྲོག་པ་མང་ཚོགས་དེ་བས་མང་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་གྱི་ཡོད”ཅེས་ཤེས་ནོར་གྱིས་དགའ་ཚོར་ཆེན་པོས་གསུངས།
འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཤེས་ནོར་གྱིས་སྒེར་རྩེའི་ས་གནས་དེ་གའི་གཏེར་ཁའི་ཐོན་ཁུངས་སྔོག་འདོན་སྐོར་གྱི་གྲོས་གཞི་འདོན་རྩིས་ཡོད་པ་རེད། ཤེས་ནོར་གྱིས་གཏེར་ཁ་སྔོག་འདོན་གྱིས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་གཞན་སྒྱུར་དང་ཕྱུག་འགྱུར་འབབ་འཕར་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད། ད་དུང་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་སྲིད་པས་འབྲེལ་ཡོད་སྡེ་ཚན་ནས་དོ་ཁུར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
“ངས་བཏོན་པའི་གྲོས་གཞི་འདིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བར་རོགས་རམ་ཐུབ་རེ་ཡོད། འདི་ནི་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས་རང་ཉིད་ཀྱིས་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་དང་འོས་འགན་ཞིག་རེད”ལོ་དེ་དག་རིང་ཤེས་ནོར་གྱིས་དེ་ལྟར་གསུང་གི་ཡོད་ལ་ལག་ལེན་དུའང་དེ་ལྟར་འཁྱོལ་བར་གནང་ཡོད།