དབུ་ཤོག>ཆེད་སྒྲིག
  • 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལ་མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-25

    ཟླ་1ཚེས་24ཉིན་གྱི་སྔ་དྲོ། 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་རེད། 《སྲོལ་ཡིག》འདི་ནི་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུའི་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་དང་པོ་དེ་ཡིན་ཞིང་། 2021ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་དེ་རྗེས་འཚོགས་པའི《སྲོལ་ཡིག》ལ་གྲོས་འཆམ་བྱུང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཀྲོའུ་དབྱི་ཧྥུང་གིས《སྲོལ་ཡིག》བཟོས་པའི་རྒྱབ་ལྗོངས་ཀྱི་དོན་སྙིང་དང་། བརྒྱུད་རིམ། རྩ་དོན། སློབ་སྦྱོང་དྲིལ་བསྒྲགས་སོགས་ཀྱི་ཐད་ངོ་སྤྲོད་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཡུང་བཀྲ་ཡིས《སྲོལ་ཡིག》གི་སྒྲོམ་གཞིའི་གྲུབ་ཆ་དང་། ནང་དོན་གྱི་ཁྱད་ཆོས། དེ་བཞིན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ལས་ཀའི་ལམ་སྲོལ་དང་ཞིབ་ཕྲའི་བྱེད་ཐབས་སོགས་སྔར་བས་ངོ་སྤྲོད་གནང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 《སྲོལ་ཡིག》ལ་ཁྱོན་ལེའུ་བཅུ་དང་དོན་ཚན་དྲུག་ཅུ་རེ་བརྒྱད་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“བོད་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ལ་བསྐྲུན་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུར་དམ་པོར་དམིགས་ནས།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱ་རྒྱུ་སྤྱི་འདོམས་སུ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་བསྐྲུན་པའི་དཔེ་སྟོན་ཁུལ་གཏོད་རྒྱུ་གཞི་རྟེན་དུ་བྱེད་པ། སྐྱེ་ཁམས་ཤེས་དཔལ་གྱི་མ་ལག་བསྐྲུན་རྒྱུ་འདེགས་སྐྱོར་དུ་བྱེད་པ་བཅས་བྱས་ཏེ་གྲུབ་ཆ་དང་ནང་དོན་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱིས་སྐྱེ་ཁམས་ཤེས་དཔལ་སྐྲུན་རིང་གི་འགན་འཁྲི་དང་འོས་འགན་ཚད་ལྡན་བཟོས་ཡོད། 《སྲོལ་ཡིག》ནང་ད་དུང་ལོ་ལྟར་གྱི་ཟླ་8པ་ནི་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་ཟླ་བར་གཏན་འཁེལ་བྱས་ཡོད།

    《སྲོལ་ཡིག》བཟོ་བའི་རྒྱབ་ལྗོངས་དང་དོན་སྙིང་སྐོར་གླེང་སྐབས། ཀྲོའུ་དབྱི་ཧྥུང་གིས་བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུའི་སྐོར་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་བཟོས་ནས་བཏོན་པ་དེས་ཁྲིམས་སྐྱོང་གི་ཁྲིད་སྟོན་དང་སྒྲིག་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས། ལྗང་མདོག་འཕེལ་རྒྱས་དང་། འཁོར་རྒྱུག་འཕེལ་རྒྱས། ཐཱན་ཉུང་འཕེལ་རྒྱས་བཅས་ལ་ཁྲིད་སྟོན་སྐུལ་འདེད་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས།

    《སྲོལ་ཡིག》གི་ནང་དོན་དང་ཁྱད་ཆོས་ངོ་སྤྲོད་བྱེད་སྐབས། གཡུང་བཀྲ་ཡིས《སྲོལ་ཡིག》ནང་བོད་ཀྱི་ཁྱད་ཆོས་གང་ལེགས་མངོན་ཡོད། རང་ལྗོངས་ཀྱི་དོན་དངོས་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འཁྱགས་རོམ་དང་། གཙང་པོ། མཚོ་མཚེའུ། ནགས་ཚལ། རྩྭ་ཐང་བཅས་སྲུང་སྐྱོང་དང་། དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་དང་། ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ། མཚོ་བོད་ས་མཐོའི་དམིགས་བསལ་གྱི་རྩ་ཆེའི་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བོད་ནུབ་བྱང་གི་བྱང་ཐང་ས་མཐོའི་ཐང་རྒོད་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་དང་། བོད་ཤར་ལྷོའི་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་དང་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་བོད་ས་མཐོའི་གཏེར་རིའི་སྐྱེ་ཁམས་སླར་གསོ་སོགས་སྐྱེ་ཁམས་འདུ་འགོད་གལ་ཆེན་ལ་གཏན་འབེབས་བྱས་པ། མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་གི་སྐྱེ་ཁམས་བློ་གྲོས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་ལ་གཏན་འབེབས་བྱས་ཡོད་ཅེས་གསུངས།

    གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲོའུ་དབྱི་ཧྥུང་དང་གཡུང་བཀྲ་ཡིས་བོད་དུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་། རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པའི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འགན་འཁུར་བློ་མཐུན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།