དབུ་ཤོག>ཆེད་སྒྲིག
  • དངོས་འཛིན་དངོས་སྒྲུབ་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-22

    “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་། མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བས། བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”ཅེས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་གྱི་འཐུས་མི་དང་ཨུ་ཡོན་ཚོས་དེ་ལྟར་ངོས་འཛིན་ཡོངས་ཁྱབ་ཏུ་གནང་གི་ཡོད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་སུའུ་ཧྲོང་ཧྭ་ཡིས“ནག་ཆུར་ཚོང་གཉེར་ལས་གཏོད་བྱེད་པའི་བཟོ་ཚོང་རིགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས། སྤྱི་ཚོགས་ཀྱི་དྲིན་ལན་འཇལ་རྒྱུ་ནི་ཁེ་ལས་ཤིག་གི་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་ཞིག་རེད། ངས་རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་ཞིང་འབྲོག་མང་ཚོགས་དེ་བས་མང་བར་སློབ་གསོ་མྱོང་བའི་གོ་སྐབས་དང་ལས་ཞུགས་ཀྱི་ཐབས་ལམ་བཏོད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་གསུངས།

    གཡུ་སྒྲོན་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་ཕྱུག་འགྱུར་སྣེ་ཁྲིད་མི་སྣ་ཡིན་ཞིང་། ཁོང་གིས་ཕ་ཡུལ་དུ་མི་རིགས་ཀྱི་ཁྱད་ལྡན་ཚོང་ཁང་དང་། ཁ་ཆེ་ཤ་སྐམ་འདེབས་འཛུགས་རྟེན་གཞི་བཙུགས་ཡོད་པ་མ་ཟད། ཁྱིམ་དུ་བོད་ཕག་གསོས་ནས་ལས་སྒྲུབ་ལས་གཏོད་ཀྱི་ལམ་བུའི་ཐོག་རྟག་ཏུ་མདུན་གྲལ་དུ་ཕེབས་ཀྱི་ཡོད་ལ། རང་ཉིད་ཕྱུག་པོ་ཆགས་པ་དང་དུས་མཚུངས་མི་ཁག་གཅིག་ལའང་སྐུལ་ཁྲིད་གནང་ཡོད། “ཡུལ་མི་སྤུན་ཟླ་ཚོས་ངའི་ལས་གཏོད་ཀྱི་ལམ་བུར་ལད་མོ་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་མཐོང་སྐབས་ཧ་ཅང་དགའ་པོ་འདུག ཤང་གཅིག་འཕེལ་རྒྱས་འགྲོ་དགོས་ན་ཚང་མས་ཐུན་མོང་ཐོག་ནུས་ཤུགས་འདོན་དགོས་པས། ངས་སྔར་རྒྱུན་བཞིན་རང་ཁྱིམ་གྱི་ཐོན་ལས་ལ་བརྟེན་ནས་གྲོང་མི་ཚོར་ལས་ཞུགས་ཀྱི་གོ་སྐབས་སྤྲད་ནས་མི་དེ་བས་མང་བ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ཁྲིད་བྱེད་རྒྱུ་ཡིན”ཞེས་གསུངས།

    “ང་ཚོའི་སློབ་གྲྭར་བོད་རིགས་དང་། རྒྱ་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོ་ཡོད་པ་དང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་སློབ་གསོ་དེ་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་ནང་དོན་གཙོ་བོ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་འབྲེལ། དགེ་སློབ་དབར་གྱི་རིག་གནས་སྤེལ་རེས་མང་དུ་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སློབ་མ་ཚོས་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཧེ་བག་ལ་བརྩི་འཇོག་བྱེད་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་ཀྱི་ཡོད། ད་ཆ་སློབ་གྲྭ་ཡོངས་སུ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་ཡོད”ཅེས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སློབ་འབྲིང་གི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།