སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དཔལ་འབྱོར་འཕེལ་རྒྱས་གཏོང་བར་ལུས་ཁམས་བདེ་ཐང་དགོས་ལ། མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་བདེ་ཐང་དང་བྲལ་ཐབས་མེད།
བསྡོམས་རྩིས་བྱས་པར་གཞིགས་ན། ཆབ་མདོ་གྲོང་ཁྱེར་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་3.84ཡི་མི་གྲངས་ཁྲི་19.46ཡོད་པའི་ཁྲོད། རྒྱལ་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་གྱི་བབ་བསྟུན་དོ་དམ་གྱི་ཆ་འཕྲིན་མ་ལག་ཁོངས་སུ་བཅུག་པའི་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་གི་དུད་ཚང་3541དང་མི་གྲངས་14241ཡོད་པ་དང་། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་མི་འབོར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་7.3%ཟིན་ཡོད།
དམངས་ཕན་བྱ་ཐབས་བཏོན་ནས་སེམས་ཁྲལ་བསལ་བ།
2016ལོར་འཇམ་དབྱངས་དགེ་ལེགས་ལ་གཅིན་དུག་ནད་ཕོག་པ་ཤེས། དེ་རྗེས་ཁོ་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཡུན་རིང་ཁྲག་བཀྲུ་བའི་སྨན་བཅོས་བྱས་པར་2018ལོ་བར་ཁྱོན་སྨན་རིན་སྒོར་ཁྲི་40.2ལྷག་ཕྱིན་ཞིང་། སྨན་རིན་ཕོན་ཆེན་པོ་དེ་རི་བོ་ཞིག་དང་འདྲ་བར་ཁོ་པའི་ནང་མིའི་ཕྲག་སྟེང་ལ་ལྷུངས་ནས་དཀའ་ངལ་ཆེན་པོ་འཕྲད།
དེའི་ཚེ། བདེ་ཐང་དབུལ་སྐྱོར་གྱི“ཚབས་ཆེན་བཞིའི་འགན་ལེན”གྱི་སྲིད་ཇུས་ཀྱིས་ཁོ་པ་དཀའ་ཉེན་ལས་གྲོལ་ཐུབ་པ་བྱུང་། གྲོང་ཁྱེར་དང་རྫོང་འཕྲོད་བསྟེན་སོགས་སྡེ་ཚན་གྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་སྒོར་ཁྲི་18རྩིས་ཞུ་དང་། ལྷ་སའི་སྲོག་རྟེན་འགན་བཅོལ་ཀུང་སིས་སྒོར་ཁྲི་14བསློགས་པ། དམངས་སྲིད་ཀྱི་སྨན་བཅོས་རོགས་སྐྱོབ་སྒོར་44631རྩིས་ཞུའི་ཁར་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་དབུལ་པོར་སྨན་ཡོན་60%རོགས་སྐྱོབ་ཀྱི་བསྡུར་ཚད་ལ་གཞིགས་ནས་ལྷག་མ་སྒོར་37543.81ནང་ནས་སྨན་རིན་སྒོར་22526.3སྤྲད་ཡོད་པ་རེད།
མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་མི་512ལ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོར་སྨན་བཅོས་རོགས་སྐྱོབ་ལོངས་སུ་སྤྱོད་རྒྱུ་བྱུང་ནས་རོགས་སྐྱོབ་སྨན་ཡོན་སྒོར་ཁྲི་227.59སྤྲད་དེ། ཞིང་འབྲོག་དབུལ་པོའི་སྨན་ཡོན་གྱི“མཐའ་མའི་འགག་གནད”སེལ་རྒྱུ་འགན་ལེན་ཐུབ་ཡོད།
ཞན་ཆ་བསལ་ནས་དབུལ་སྒྲོལ་ཡོང་བར་བྱས་པ།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.8བཏང་བའི་རྨང་གཞིའི་ཐོག་ཆབ་མདོ་གྲོང་ཁྱེར་གྱིས་ཡང་བསྐྱར་མ་དངུལ་སྒོར་དུང་ཕྱུར་20.34བསྡུ་སྒྲིལ་བྱས་ནས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། གྲོང་ཁྱེར་སྨན་རྩིས་ཁང་། གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས། གྲོང་ཁྱེར་ལྟེ་བའི་ཁྲན་རྒྱུན་ས་ཚིཌ་བཅས་དང་དེ་བཞིན་རྫོང་དང་ཆུས་ཀྱི་མི་དམངས་སྨན་ཁང་11དང་། རྫོང་དང་ཆུས་ཀྱི་ནད་ཡམས་ཚོད་འཛིན་ལྟེ་གནས་11རྫོང་དང་ཆུས་ཀྱི་སྨན་རྩིས་ཁང་9བཅས་ཀྱི་བསྐྱར་བསྐྲུན་རྒྱས་སྐྲུན་ལས་འགན་དང་ཚད་ལྡན་ཅན་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་85བདེ་བླག་ངང་བསྐྲུན་པ་མ་ཟད“གྲོང་ཚོ་རེ་ལ་འཕྲོད་བསྟེན་ཁང་གཅིག་དང་སྨན་པ་གཉིས”ཀྱི་གྲོང་ཚོའི་འཕྲོད་བསྟེན་ཁང་1119བདེ་བླག་ངང་བསྐྲུན་ཐུབ་ཡོད།
2020ལོའི་ཟླ་9པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལག་རྩལ་པ་3640ལྷག་དང་ལས་རོགས་སྨན་པ་དཀའ་བཅུ་པ་1490ལྷག་ཟིན་ནས་མི་སྟོང་རེའི་སྨན་པའི་བསྡུར་ཚད་4.6བར་མང་དུ་ཕྱིན་ཡོད།
2016ལོ་ནས་བཟུང་། ཆབ་མདོར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་སྨན་བཅོས་རོགས་སྐྱོར་གྱི་བདེ་ཐང་དབུལ་སྐྱོར་བྱེད་ནུས་རིམ་བཞིན་ཆེ་རུ་བཏང་སྟེ། གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་སྨན་རྩིས་ཁང་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ལ་བདེ་བླག་ངང་བསྐྲུན་ཐུབ་པ་དང་། རྫོང་དང་ཆུས་11གི་རྫོང་རིམ་པའི་མི་དམངས་སྨན་ཁང་རིམ་པ་གཉིས་པའི་མི་དམངས་སྨན་ཁང་ལ་བདེ་བླག་ངང་བསྐྲུན་ཐུབ་པ། དགོས་མཁོ་ཆེ་བ་དང་སྤྱོད་མཁོ་ཆེ་བའི་ཤེས་ལྡན་པ་150ལྷག་ཙམ་གཙོ་གནད་ཐོག་གསོ་སྐྱོང་བྱས་ཏེ། བཅོས་དཀའ་བའི་ནད་གཞི་དང་འཆི་བའི་ནད་དཔེ་མི་ཐེངས་261ལ་གྲོས་བསྡུར་དང་། སྒོ་བསྟེན་དུ་ནད་དཔྱད་མི་ཐེངས་ཁྲི་1.5བྱས་ནས་གཤག་བཅོས་ཐེངས་651ནང་ཞུགས་པ་དང་མཛུབ་ཁྲིད་བྱས་ཡོད།
ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་དམངས་ཀྱི་དཀའ་གནད་བསལ་བ།
ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། སྨན་རྩིས་ཁང་། མ་བུ་བདེ་སྲུང་ཁང་། ནད་ཡམས་ཚོད་འཛིན་ལྟེ་གནས་བཅས་ནས་མི་ཧྲག་པོ་བདམས་ཏེ་གཞི་རིམ་སྨན་ཁང་གི་སྨན་པ་དང་མཉམ་དུ་གཞི་རིམ་དུ་སྐོར་སྐྱོད་ནད་དཔྱད་ཚོགས་ཆུང་བཙུགས་ཏེ། གཟུགས་པོར་བརྟག་དཔྱད་བྱས་ནས་ནད་ཡམས་ཡོད་མེད་དབྱེ་འབྱེད་བྱས་ཏེ་མང་ཚོགས་ཀྱི་སྒོ་ཁར་ནད་དཔྱད་ཞབས་ཞུ་དང་། ནད་དཔྱད་མཛུབ་ཁྲིད། ནད་ཡམས་སྔོན་འགོག་དྲིལ་བསྒྲགས། བདེ་ཐང་ངང་འཚོ་བཅུད་བསྟེན་ཚུལ་སོགས་ཀྱི་ཤེས་བྱ་བསླབས་ཏེ“བདེ་ཐང་སྲུང་མཁན”གྱི་ནུས་པ་ལེགས་པར་བཏོན་ཡོད།
ལྷག་པར་དུ། 2020ལོའི་དབྱར་རྩྭ་དགུན་འབུ་འཐུ་བའི་སྐབས་རྫོང་ཁག་གིས་རང་འགུལ་ངང་དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་མང་ཚོགས་ལ་སྨན་བཅོས་ཞབས་འདེགས་ཞུས་ནས་སྦྲུམ་མ་18ཕྲུ་གུ་བདེ་བླག་ངང་སྐྱེ་བར་རོགས་རམ་དང་མི་ཐེངས་300ལྷག་ལ་ནད་བརྟག་སྨན་བཅོས་བྱས་པ་དང་། བདེ་ཐང་ཤེས་བྱའི་འཆད་ཁྲིད་ཐེངས་20ལྷག་ཙམ་གཉེར་བ། བདེ་ཐང་གི་དྲིལ་བསྒྲགས་དཔྱད་ཡིག་3500ལྷག་ཙམ་བཀྲམ་ཡོད། 2017ལོའི་ལོ་འགོར། སྨར་ཁམས་རྫོང་ཁོངས་ཀྱི་འཕྲོད་བསྟེན་ཆ་འཕྲིན་ལས་སྟེགས་དངོས་སུ་གཉེར་འགོ་བཙུགས་ནས། ཆབ་མདོ་གྲོང་ཁྱེར་དུ་འཕྲོད་བསྟེན་གྱི་ཆ་འཕྲིན་ལས་སྟེགས་ཐོག་མར་བཙུགས་པའི་རྫོང་དུ་གྱུར་ཡོད། ད་ཆ་སྨར་ཁམས་རྫོང་གི་ཤང་དང་གྲོང་རྡལ་16གི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ལ་བདེ་ཐང་གི་ཆ་འཕྲིན་ཅན་གྱི་ལས་སྟེགས་ཡོད་པས་སྒོ་བསྟེན་གྱི་གྲངས་གཞི་ཁྲི་10ལྷག་ཙམ་དང་སྨན་ཁང་དུ་བསྡད་པའི་གྲངས་གཞི་ཁྲི་1ལྷག་ཙམ་ཉར་ཚགས་བྱས་ཡོད།
མིག་སྔའི་བར། ཆབ་མདོ་གྲོང་ཁྱེར་གྱིས་སྔ་རྗེས་སུ་སྒོར་ཁྲི་9000ལྷག་བཏང་ནས་དམངས་ཕན་བདེ་ཐང་ཆ་འཕྲིན་ཅན་གྱི་རྣམ་གྲངས་ལག་ལེན་བསྟར་ཏེ་ཞིང་འབྲོག་མང་ཚོགས་ལ་མི་སྒེར་གྱི་ནད་དཔྱད་གཱ་དང་ཁྱིམ་ཚང་གི་རྩིས་ཁྲའི་གཱ་ཡི་འགྲོ་ལུགས་གཉེར་རོགས་བྱས་པས་མང་ཚོགས་ཀྱིས་སྨན་པ་བསྟེན་པར་སྟབས་ཧ་ཅང་བདེ་པོ་བྱུང་ཡོད།