སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
དུས་རབས་ཀྱིས་མི་རྣམས་མདུན་དུ་སྐྱོད་རྒྱུར་སྐུལ་མ་གཏོང་། འགན་འཁྲིས་མི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་པར་བྱེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཐོག་ཏུ་ཁུར་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོ་སེམས་ལ་འཆང་བཞིན། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་དེ་རིང་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
ད་ཐེངས་ཀྱི་ཚོགས་འདུ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགོ་ཚུགས་ལོར་ཚོགས་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་འདུ་ཞིག་ཡིན་པས་ང་ཚོས་བསམ་བློ་གཅིག་གྱུར་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། འགན་འཁྲི་འཁུར་སེམས་ཆེར་གཏོང་བཅས་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་རབ་འཕེལ་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་འགན་འཁྲི་གཙང་སྒྲུབ་དང་སྲིད་ཞུགས་སྲིད་གླིང་ཧུར་ཐག་བྱས་ཏེ་ད་ཐེངས་ཀྱི་ཚོགས་འདུ་འདི་ངར་ཤུགས་ཆེར་སྐྱེད་དང་། སྟོབས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
ལོ་རྒྱུས་ཀྱི་བརྗིད་ཆགས་རི་མོ་འབད་འབུངས་མདུན་སྐྱོད་ཁྲོད་འབྲི་འགོ་ཚུགས། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་རེད། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ། རང་འགུལ་ངང་བྱ་སྤྱོད་སྤེལ་བ། འགན་འཁྲི་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་མཁས་པ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་ཕུལ་ཡོད།
མི་དམངས་སྲིད་གྲོས་ནི་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་འཐབ་ས་གལ་ཆེན་ཞིག་དང་། ཏང་གི་གསར་གཏོད་རིག་པའི་གཞུང་ལུགས་ལ་བརྟེན་ནས་མི་རིགས་དང་ལས་རིགས་ཁག་གི་འཐུས་མི་དང་མི་སྣར་མཐུན་སྒྲིལ་དང་། སློབ་གསོ། ཁྲིད་སྟོན་བཅས་བྱེད་པའི་ལས་སྟེགས་གལ་ཆེན་ཞིག ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་བ་སེལ་བ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཐབས་ལམ་གལ་ཆེན་ཞིག་བཅས་ཡིན། དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་ལས་དོན་ལེགས་པར་སྒྲུབ་པར། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས་བྱས་ནས་མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་སྒྱུར་དགོས། ངེས་པར་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཐད་ཕྱོགས་གཉིས་ནས་ཤུགས་རྒྱག་དགོས། ངེས་པར་དུ་མི་དམངས་ལྟེ་བར་བཟུང་ནས་རང་འགན་གཙང་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་སྲིད་གྲོས་མི་དམངས་ཁྲོད་ནས་བྱུང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་པར་བྱེད་དགོས། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་རྒྱུ་མཐའ་འཁྱོངས་བྱེད་པ་དང་སེམས་ནུས་གཅིག་སྒྲིལ་རྒྱ་ཁྱབ་ཏུ་བྱས་ཏེ། སྲིད་གྲོས་ཀྱི་ཆབ་སྲིད་ནུས་པ་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་རིང་མཐུན་ཆ་ཆེ་ཤོས་ཐོག་ནས་ཀུན་སེམས་གཅིག་ཏུ་སྒྲིལ་དགོས། ངེས་པར་དུ་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ་དང“འཐབ་ཕྱོགས་དང་པོའི”འདུ་ཤེས་ཟབ་ཏུ་བཏང་སྟེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། ངེས་པར་དུ་རྒྱུན་འཛིན་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ཁོང་དུ་ཆུད་ནུས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། ཉམས་མྱོང་དེ་དག་ལག་ལེན་ལས་བྱུང་བ་དང་དོན་གཉེར་གོ་ཆོད་ཡོད་པས། ང་ཚོས་ངེས་པར་དུ་མཐའ་འཁྱོངས་ཡག་པོ་བྱེད་པ་དང་། སྲ་བརྟན་ཡག་པོ་གཏོང་བ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་དགོས།
ངོ་མཚར་བརྗིད་ཆེའི་ལེའུ་རྟག་ཏུ་མུ་མཐུད་འབད་འཐབ་བྱེད་པའི་ཁྲོད་རྩོམ་འགོ་ཚུགས། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ལ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གྱི་འགོ་ཚུགས་ལོ་ཡང་ཡིན། བོད་ཀྱི་སྲིད་གྲོས་ལས་དོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་བྱེད་པ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་པ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་པ། “ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་དོན་འཁྱོལ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཐབས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཆུ་ཚད་མཐོ་རུ་གཏོང་བ། “དོན་འཁྱོལ་བྱེད་པ་དང་གོང་བུར་འགྲིལ་བའི”ཆབ་སྲིད་ཀྱི་འགན་འཁྲི་ཡག་པོ་འཁུར་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་འབུལ་དགོས།
མི་དམངས་སྲིད་གྲོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་། སྲིད་ཏང་གི་རིགས་པའི་གཞུང་ལུགས། དམངས་གཙོ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་བཅས་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ཀྱི་འགོ་ཁྲིད་ནས་ཆབ་སྲིད་ཀྱི་ལམ་ལུགས་ཐོག་སྤེལ་བའི་རླབས་ཆེན་གྱི་གསར་གཏོད་ཅིག་ཡིན། ཞི་བས་བཅིངས་འགྲོལ་བཏང་ཚུན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་སྲིད་གྲོས་ཀྱིས་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱེད་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་སོགས་ལོ་རྒྱུས་ཀྱི་དུས་སྐབས་ཁག་གི་རླབས་ཆེན་བྱ་གཞག་ནང་ཐུན་མོང་ཐོག་ཞུགས་ནས་ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བརྗིད་ཆེའི་ལེའུ་བརྩམས་ཡོད། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་འགག་རྩའི་དུས་སུ་གནས་པ། རང་ལྗོངས་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་ཉེར་ཡོད་པས། ཇི་ཙམ་གྱིས་དམིགས་ཚད་མངོན་འགྱུར་བྱེད་ཉེར་ཐུག་པ་དང་། དུས་བབ་རྙོག་འཛིང་ཆེ་བ། ལས་འགན་དཀའ་ཚེགས་ཆེ་བ་བཅས་ཀྱི་སྐབས་སུ་དེ་ཙམ་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པའི་མི་རིགས་ཁག་གི་བུ་ཕྲུག་གི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།
དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད། མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་བསྐྱར་དུ་རྡོག་ཐོན་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱེད་ཆེད་མུ་མཐུད་འབད་འཐབ་བྱེད་དགོས།
ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣