དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་དངུལ་རྩའི་སྒྲིག་གཞིས་ཐོན་རྫས་གསར་གཏོད་བྱས་ཏེ་དབུལ་སྐྱོར་དངུལ་བུན་ལྡབ་འཕར་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-01-18

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་གྲངས་གཞི་ལས་མངོན་གསལ། མིག་སྔའི་བར་བོད་ཀྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1301 (དབུལ་སྒྲོལ་བྱས་ཟིན་པ་ཚུད་པ)ཟིན་པ་དེ་2016ལོའི་དུས་མཚུངས་ལས་191%འཕར་བ་རེད།

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་གི་འབྲི་གཡག་རྒྱགས་གསོ་རྟེན་གཞི་ཞིག་ཏུ་ལོ་ཕུ་གྲོང་ཚོའི་ལོ་46ལ་སླེབས་པའི་གྲོང་མི་བསོད་ནམས་སྔ་པོ་ནས་ལངས་ནས་ལྷས་རར་གཙང་སྦྲ་བྱས་ཏེ་ཉིན་གང་གི་ལས་ཀ་བྱེད་འགོ་ཚུགས་པ་རེད། “འདི་རུ་ལས་ཀ་བྱས་ནས་ལོ་ཕྱེད་ཙམ་ཕྱིན་སོང་། ཉིན་རེར་གླ་ཆ་སྒོར་150ཡོད་པས་སྐྱིད་པོ་འདུག”ཅེས་ཁོང་གིས་བཤད།

    བསོད་ནམས་ཡོད་སའི་འབྲི་གཡག་རྒྱགས་གསོ་རྟེན་གཞི་འདི་ནི་ཞིང་འབྲོག་ཀུང་སི་ཞིག་གིས་མ་དངུལ་འབོར་ཆེན་བཏང་ནས་བཏོད་པའི་ཐོན་ལས་རྣམ་གྲངས་ཤིག་རེད། “ང་ཚོས་2020ལོའི་ལོ་འགོར་ཀུང་སི་དེར་དུས་ཚད་ལོ་3རིང་གི་དངུལ་བུན་སྒོར་ཁྲི་5000བཏང་ནས་དེས་ལྷ་ས་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་5རུ་ཡོད་པའི་ས་ཞིང་བརྒྱུད་བཤུག་དང་། ཕྱུགས་རྩྭ་འདེབས་པ། འབྲི་གཡག་ཉོ་སྒྲུབ་སོགས་ལ་རམ་འདེགས་བྱས་ཡོད”ཅེས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཧང་ཀྲང་ཧྥེང་ཞུའེ་ཡིས་བཤད།

    དངུལ་ཁང་གིས་དུས་ཐོག་ཏུ་དངུལ་བུན་བཏང་བར་བརྟེན་ནས་ཐང་དཀར་ཤང་གི་འབྲི་གཡག་རྒྱགས་གསོའི་རྟེན་གཞིས་ཁྱོན་འབྲི་གཡག་མགོ་གྲངས་1830ཉོས་ནས་མིག་སྔར་མགོ་གྲངས་855བཤས་བཏང་སྟེ་གསོ་སྤེལ་དང་བཤས་གཏོང་ཚད་ཆེ་རུ་ཤུགས་ཆེན་ཕྱིན་པ་རེད།

    “གྲོང་མི་ཚོར་ས་ཞིང་བརྒྱུད་བཤུག་བཏང་བའི་ཡོང་འབབ་དང་། དབྱར་ཁར་གཟན་རྩྭ་བཏབ་པའི་དངུལ། སྟོན་དགུན་དུ་རྟེན་གཞིར་གསོ་ཚགས་པ་བྱེད་པ་བཅས་ཡོང་འབབ་འདི་གསུམ་བསྡོམས་ན་ལོ་རེར་སྒོར་ཁྲི་3ལྷག་ཙམ་ཡོང་གི་འདུག”ཤང་དང་གྲོང་རྡལ་གྱི་ཐོན་ལས་འཕེལ་རྒྱས་ཕྱིན་པས་ཡོང་འབབ་ལོ་རེ་བཞིན་འཕར་བཞིན་འདུག་ཅེས་བསོད་ནམས་ཀྱིས་བཤད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་དངུལ་རྩའི་སྒྲིག་གཞིས་ཡུལ་བབ་དང་བསྟུན་ནས་གནད་སྨིན་དབུལ་སྐྱོར་གྱི་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ཏེ་ཞིང་འབྲོག་པ་དེ་བས་མང་བ་དང་ཕྲན་ཚེགས་ཁེ་ལས་ལ་ཕན་པ་བཏགས་ཡོད་ཅིང་། ཞིང་ལས་དངུལ་ཁང་གིས“གནད་སྨིན་དབུལ་སྐྱོར་དངུལ་བུན་གྱི་ལག་ཁྱེར”དང“གངས་ལྗོངས་ཞིང་ཕན་eདངུལ་བུན”བཏོད་པ་དང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས“དབུལ་སྐྱོར་ཞིང་ཕྱུག་དངུལ་བུན”དང“འབོར་ཉུང་མྱུར་གཏོང་དངུལ་བུན”བཏོད་པ། འཛུགས་སྐྲུན་དངུལ་ཁང་གིས“སྤྲིན་ཚོམ་འོས་འགན་དངུལ་བུན”དང་རིམས་འགོག་ཆེད་དམིགས་ཞབས་ཞུ་སོགས་བཏོད་པ་རེད།

    གྲངས་གཞི་ལས་མངོན་གསལ། མིག་སྔར་བོད་ལྗོངས་ཐོན་ལས་གནད་སྨིན་དབུལ་སྐྱོར་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་162ཟིན་པ་དེ་2016ལོའི་དུས་མཚུངས་ལས་185%འཕར་བ་དང་། རྣམ་གྲངས་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་1071ཟིན་པ་དེ་2016ལོའི་དུས་མཚུངས་ལས་216%འཕར་བ་རེད།

    དབུལ་སྐྱོར་ཐོན་ལས་ཀྱིས་ཡོང་འབབ་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱེད་པ་ཕུད། དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་བོད་ཀྱི་མང་ཚོགས་བདེ་སྡོད་ལས་བརྩོན་གྱིས་འཚོ་བ་གསར་པ་སྐྱེལ་བར་རམ་འདེགས་ཧུར་ཐག་བྱས་པ་རེད།

    2016ལོ་ནས་ད་བར། བོད་ཀྱི་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དངུལ་བུན་གཏོང་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་213ཙམ་ཟིན་པ་དང་། རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཐེམ་དུད་ཐེངས་ཁྲི་37.8ལ་རོགས་རམ་བྱས་པ། རིམ་རྩིས་བྱས་ན་དབུལ་སྐྱོར་འབོར་ཉུང་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་89བཏང་བ། རིམ་རྩིས་བྱས་ན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དུད་ཐེངས་ཁྲི་22ལ་རོགས་སྐྱོར་བྱས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།