དབུ་ཤོག>ཆེད་སྒྲིག
  • ​གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྐྱོར་ཐོན་ལས་མ་ལག་བསྐྲུན་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-17

    མིག་སྔར་གཞི་ཚུགས་ནས། ཕུགས་ལ་རྒྱང་ལྟ་བྱེད། གཞིས་རྩེས་ཐོན་ལས་དབུལ་སྐྱོར་དེ་དབུལ་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱེད་པའི་རྩ་བའི་ཐབས་ཇུས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་དེང་རབས་ཐོན་ལས་མ་ལག་བསྐྲུན་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་འཁོར་སྦྲེལ་སྣུར་སྲིང་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་ཚད་བརྒལ། ཁེ་ཕན་མཉམ་འདྲེས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ལ་མུ་མཐུད་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བ། སྟོབས་ཤུགས་གཅིག་སྡུད་ངང་ཇོ་མོ་གླང་མའི་ཐོན་ལས་མ་ལག་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།

    ད་ཆ་གྲོང་ཁྱེར་དེར་རིམ་རྩིས་བྱས་ན། ཁྱད་ལྡན་ཐོན་ལས་རྣམ་གྲངས་419བསྐྲུན་པར་བརྟེན་མང་ཚོགས་དབུལ་པོ་ཁྲི་11.59ལ་ཕན་པ་ཐོབ་ཡོད། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་46སྐྱེད་སྲིང་བྱས་པ་དང་། དབུལ་སྐྱོར་འཁོར་ཁང་196བསྐྲུན་པ། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་6591འཕེལ་རྒྱས་བཏང་བ། མང་ཚོགས་ཁྲི་42ལྷག་ཙམ་མ་རྐང་མཉམ་ལས་ཁང་ནང་ཞུགས་པ་བཅས་ཇོ་མོ་གླང་མའི་དབུལ་སྐྱོར་ཐོན་ལས་དེ་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དང་དེ་བས་མཉམ་འདྲེས་ཐུབ་ཡོད།

    འཆར་འགོད་ཁ་གསལ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས“མྱུར་འགྲུབ་རྣམ་གྲངས”དང་ཕུགས་ལ་ཕན་འདོགས་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་ལས་དབུལ་སྐྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་བརྟེན“རྫོང་ལ་ཀ་རྟེན་ཐོན་ལས་ཡོད་པ་དང་། ཤང་ལ་གཙོ་ཁྲིད་ཐོན་ལས་ཡོད་པ། གྲོང་ཚོར་ཕྱུག་འགྱུར་རྣམ་གྲངས་ཡོད་པ། དུད་ཚང་ལ་འབབ་འཕར་ལམ་བུ་ཡོད་པ”བཅས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཐོག་མར་བཙུགས་པ་མ་ཟད། མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་ས་དང་། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ། རང་ས་རང་ཡུལ་ནས་འབྲལ་མི་དགོས་པ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བླང་བྱ་མངོན་འགྱུར་ཐུབ་ཡོད།

    གུ་ཡངས་པའི་ཞིང་ཁྱིམ་གྱི་སྒོ་ར་ཆུང་ངུ་དང་། གངས་རི་མཐོན་པོར་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོ། མུ་མཐའ་བྲལ་བའི་རྩྭ་ཐང་འབྲོག་ཁུལ། ཐོག་བརྩེགས་ཅན་གྱི་གྲོང་ཁྱེར་སྲང་ལམ་བཅས་གཞིས་རྩེའི་ཕྱོགས་གང་སར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད།

    དངོས་སྒྲུབ་ལས་བརྩོན།

    “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་གཙོ་གནད་མངོན་པར་བྱས་ཏེ་ཐོན་ལས་དབུལ་སྐྱོར་གྱི་ལག་ལེན་བྱེད་ཐབས་ཁ་གསལ་བཏོན་པར་བརྟེན། ནས་དང་གཟན་རྩྭ་འདེབས་འཛུགས་དང་། ར་ལུག་དང་འབྲི་གཡག་གསོ་ཚགས། ཞིང་འབྲོག་ཐོན་ཟོག་ལས་སྣོན། ཁྱད་ལྡན་རིག་གནས་ཡུལ་སྐོར། སྲོལ་རྒྱུན་མི་རིགས་ལག་ཤེས་སོགས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་བོད་སྐྱོར་ཐོན་ལས་དབུལ་སྐྱོར་ཟབ་ཏུ་བཏང་ནས་ཚོང་འགུགས་མ་འདྲེན་ལ་ཟམ་མི་ཆད་པར་སྐུལ་མ་བཏང་བ་དང་། ནང་སྐྱེས་སྒུལ་ཤུགས་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་། ཐོན་ལས་བཀོད་པ་ལེགས་སྒྲིག མཁོ་སྤྲོད་ནུས་པ་ཤུགས་ཆེར་གཏོང་བ། གཉེར་སྐྱོང་ཐབས་ལམ་རྒྱ་ཆེར་གཏོང་བ། སྤུས་རྟགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཇོ་མོ་གླང་མའི་དབུལ་སྐྱོར་ཐོན་ལས་ཀྱི་ཁྱབ་འགྱེད་ཁྱབ་ཁོངས་དང་སྣེ་ཁྲིད་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་རྒྱུ་གོ་སྐབས་སུ་བྱས་ཏེ“སྣོད་བཅུད+”དང་། “ཡུལ་སྐོར+”“མཉམ་འབྲེལ་དྲ་རྒྱ+”སོགས་བྱེད་ཐབས་གང་ལེགས་སྤྱད་དེ་སྤྲོ་གསེང་ཡུལ་སྐོར་དང་། བདེ་ཐང་ལུས་གསོ། དྲ་ཐོག་ཚོང་དོན། ས་མཐོའི་སྐྱེ་དངོས། དེང་རབས་ཞབས་ཞུ་སོགས་ལས་རྣམ་གསར་པ་འཕེལ་རྒྱས་ཧུར་ཐག་བཏང་བ་མ་ཟད། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་བར་མཐོངས་མུ་མཐུད་རྒྱ་ཆེར་བཏང་སྟེ་གསར་དར་ཐོན་ལས་འཕེལ་རྒྱས་ཁྲོད་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་གོ་སྐབས་དང་ལས་ཞུགས་ལས་གནས་དེ་བས་མང་པོ་རག་པ་བྱས་ཡོད།

    དྲིལ་བསྒྲགས་སློབ་གསོ།

    ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་མ་ཟད། གོང་འོག་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གཏམ་བཤད་འགྲན་བསྡུར། ཇོ་མོ་གླང་མའི་དབུལ་སྐྱོར་ཐོན་ལས་འགྲན་བསྡུར་ཆེ་མོ། “ཐོན་ལས་ཀྱི་བྱས་པ་ཅན”དཔྱད་བསྡུར། དབུལ་སྒྲོལ་འགག་སྒྲོལ་གྱི་རིག་རྩལ་སྐོང་འཁྲབ་སོགས་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། མང་ཚོགས་ཀྱི་དོ་སྣང་དང་དོ་ཁུར་བྱེད་ས་དེ་ཐོན་སྐྱེད་འཕེལ་རྒྱས་དང་། ངལ་རྩོལ་ཕྱུག་འགྱུར། བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་ཀྱི་ཐོག་གཅིག་སྡུད་ཡོང་བར་ཁྲིད་སྟོན་བྱས་པར་བརྟེན་ཆབ་སྲིད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་བཟང་པོ་ཐོན་ཡོད།

    གོམ་སྟབས་རྗེས་མར། གཞིས་རྩེ་གྲོང་ཁྱེར་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཚོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མུ་མཐུད་འབད་འཐབ་བཅས་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་དེ་བས་འོད་སྟོང་འཕྲོ་བའི་ལེའུ་གསར་པ་བརྩམས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།