
འདི་ནི་བསོད་དོན་གཞོན་པས(གཡས་ཀྱི་དང་པོ)ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་སྐྱེ་དངོས་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཆན་ཆན(གཡོན་གྱི་དང་པོ)གྱི་ཚོགས་པར་རྒྱལ་རྩེ་རྫོང་དུ་ས་ཞིང་བརྒྱུད་བཤུག་ལས་དོན་ལ་བརྟག་ཞིབ་གནང་རོགས་ཞུ་བཞིན་པ།
2020ལོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཡོངས་ཀྱི་ཞིང་པ་ཡག་ཤོས་བཅུ། བོད་ལྗོངས་དཀར་གཙང་ནས་ཀྱི་བཟའ་བཅའ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བཅས་ཡིན་པའི་བསོད་དོན་གཞོན་པས་རང་ཉིད་འགྲམ་གྱི་དམངས་འཚོའི་གནད་དོན་ལ་དོ་ཁུར་ཆེན་པོ་གནང་ནས་བརྟག་ཞིབ་ལ་ཤུགས་སྣོན་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་མཁྱེན་རྟོགས་ཟབ་མོ་གནང་བ་རེད།
ད་ཕན་ལོ་ཤས་རིང་ས་ཞིང་བརྒྱུད་བཤུག་སྲིད་ཇུས་ལག་བསྟར་བྱས་པ་དང་སྦྲགས་མང་ཚོགས་ཕལ་ཆེ་བར་དེའི་ཁྲོད་ནས་ཕན་པ་ཐོབ་མོད། འོན་ཀྱང་བསོད་དོན་གཞོན་པས་གཞི་རིམ་དུ་བཅར་འདྲི་དང་སྤྱི་ཚོགས་ཀྱི་བརྟག་དཔྱད་གནང་རྗེས། སྲིད་ཇུས་སྒྲོག་འགྲེལ་གནད་ལ་མི་འཁེལ་བའི་རྐྱེན་གྱིས་ཞིང་དུད་ཁ་ཤས་ལ་ལག་རྩལ་སྣ་གཅིག་མེད་པས་ས་ཞིང་བརྒྱུད་བཤུག་བཏང་ཚེ་སྤྱི་ཚོགས་ཀྱི་མཐའ་རུ་ལྷུངས་དོགས་ཀྱི་སེམས་ཁྲལ་བྱེད་ཀྱི་ཡོད་པ་མཁྱེན་རྟོགས་བྱུང་བ་རེད།
“ས་ཞིང་བརྒྱུད་བཤུག་གཏོང་རིང་ང་ཚོས་ཞིབ་ཕྲའི་གནད་དོན་ཐད་ཤུགས་མང་ཙམ་བརྒྱབ་ནས་ཞིང་པའི་འདུན་པར་བརྩི་འཇོག་ཞུ་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གོ་བ་ལོག་འཁྲུལ་མི་ཡོང་བ་བྱེད་པ་དང་དུས་མཚུངས། ས་ཞིང་བརྒྱུད་བཤུག་བཏང་བའི་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་པར་སེམས་ཁྲལ་མེད་པ་བྱེད་དགོས”ཞེས་བསོད་དོན་གཞོན་པས་བརྗོད། འདི་ལོ་བསོད་དོན་གཞོན་པས《ས་ཞིང་བརྒྱུད་བཤུག་བྱེད་རིང་ལྷག་པའི་གནད་དོན་མེད་པ་བཟོ་རྒྱུའི་སྐོར་གྱི་གྲོས་གཞི》ཞིག་བཏོན་ནས་གཞི་རིམ་མང་ཚོགས་ཀྱི་བསམ་འདུན་མཚོན་པར་གནང་རྩིས་ཡོད་པ་རེད།
རྒྱལ་རྩེ་རྫོང་ཁོངས་ཀྱི་ཆ་ཚང་སློབ་ཆུང་19ཡོད་པའི་ནང་རྫོང་གྲོང་དུ་སློབ་ཆུང་གཉིས་ཡོད་ཅིང་། བསོད་དོན་གཞོན་པས་རྒྱལ་རྩེ་རྫོང་གྲོང་དུ་བཅར་འདྲི་དང་བརྟག་ཞིབ་གནང་རིང་མང་ཚོགས་ཀྱིས་སློབ་ཆུང་སློབ་མ(ལོ་རིམ་དང་པོ་ནས་གསུམ་པའི་བར)ཞོགས་པ་སློབ་གྲྭར་འགྲོ་བའི་དུས་ཚོད་སྔ་དྲགས་པའི་རྐྱེན་གྱིས་ཕ་མ་དང་། སློབ་ཕྲུག དགེ་རྒན་བཅས་ཕྱོགས་གསུམ་གྱི་ལས་དོན་འབྲེལ་མཐུད་གནད་ལ་མ་འཁེལ་བས་སྟབས་ཧ་ཅང་བདེ་པོ་མེད་པ་མཁྱེན་རྟོགས་བྱུང་བ་རེད།
“མིག་སྔར་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་མ་སྤྱིར་ན་ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཀར་སླེབས་དགོས་ཀྱི་ཡོད། དབྱར་དུས་སློབ་མས་ཁྱད་བསད་ཐུབ་མོད། འོན་ཀྱང་དགུན་དུས་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་གོང་དུ་སློབ་གྲྭར་འབྱོར་དགོས་ཚེ་ཕལ་ཆེ་བ་ཆུ་ཚོད་བདུན་པའི་གོང་ཞོགས་ལངས་རྒྱག་དགོས་པ་དང་སློབ་གྲྭར་འབྱོར་སྐབས་ད་དུང་ནམ་ལངས་ཀྱི་མེད། བསོད་དོན་གཞོན་པས་སློབ་གྲྭར་འགྲོ་རྒྱུ་སྔ་དྲགས་པའི་དབང་གིས་གཉིད་མི་འདང་བ་དང་སློབ་ཚན་འཚོགས་སྐབས་གཉིད་ལྕོག་བརྒྱབ་ནས་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་པ་དང་དུས་མཚུངས་སློབ་གྲྭར་འགྲོ་རྒྱུ་སྔ་དྲགས་པའི་དབང་གིས་སློབ་མ་མང་པོས་ཞོགས་ཟས་མི་བཟའ་བའམ་ཡང་ན་བཟའ་ཚད་ཉུང་དྲགས་པའི་རྐྱེན་གྱིས་གཟུགས་པོ་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། དགུན་དུས་ད་དུང་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ཡོད་པ”མཁྱེན་རྟོགས་བྱུང་བ་རེད།
མིག་སྔར་བསོད་དོན་གཞོན་པས་འཚོལ་བསྡུ་ཐུབ་པའི་གནད་དོན་འབྲེལ་ཡོད་སྡེ་ཚན་ལ་ཞུས་པ་དང་ཞིབ་ཕྲའི་ལས་དོན་གྲོས་བསྡུར་བྱེད་བཞིན་ཡོད་པ་རེད།
“སྲིད་གྲོས་ཨུ་ཡོན་གྱིས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཐུབ་པ་དང་མང་ཚོགས་ཀྱི་འདུན་པ་དང་རེ་བ་ཤེས་རྟོགས་ཐུབ་ཀྱི་ཡོད། མིག་སྔར་ཨུ་ཡོན་ན་གཞོན་ཅན་དུ་འགྱུར་ཤུགས་ཆེ་རུ་བཏང་ནས་སྟོབས་ཤུགས་གསར་པ་བསྣན་ཏེ་རིག་གནས་ཆུ་ཚད་མཐོ་བ་དང་ལོ་ན་ཆུང་ལ་འཇོན་ཐང་ཆེ་བའི་གསར་དར་ཁྱབ་ཁོངས་ཀྱི་འཐུས་མི་ཁ་ཤས་ཨུ་ཡོན་གྱི་དཔུང་ཁག་ནང་འཇུག་པ་དང་ཕུལ་བྱུང་གཞོན་ནུ་འཇོན་ཐང་ཅན་གྱིས་སྲིད་གྲོས་དཔུང་ཁག་གི་གསོན་ཤུགས་དེ་བས་འཕེལ་ཐུབ་ནས་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་དང་ས་གནས་ཀྱི་ལས་དོན་གལ་ཆེན་གྲོས་བསྡུར་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་ཐུབ་རྒྱུ་རེད”ཅེས་འདི་ལོ་བསོད་དོན་གཞོན་པས་སླར་ཡང་སྲིད་གྲོས་དཔུང་ཁག་ཁྲོད་ན་གཞོན་ལས་བྱེད་པ་མང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་འདོན་རྩིས་ཡོད་པ་རེད།
“སྲིད་གྲོས་ཨུ་ཡོན་ཞིག་ཡིན་པས་མང་ཚོགས་ཀྱི་འདུན་པ་དང་རེ་འབོད་གོང་རིམ་ལ་བརྒྱུད་བསྒྲགས་བྱ་རྒྱུའི་འོས་འགན་ཡོད། ངས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་ཞུན་བརྡར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཐབས་འབུལ་ཇུས་འབུལ་བྱ་རྒྱུ་ཡིན”ཞེས་བསོད་དོན་གཞོན་པས་གསར་འགོད་པར་བརྗོད།