
འདི་ནི་དགུན་ཁའི་གུང་གསེང་རིང་བདེ་སྐྱིད་ལྷ་མཚོས་ཕན་བདེ་ཁང་གི་ཕྲུ་གུ་ཚོར་སྦྱོང་ཚན་ཟུར་ཁྲིད་བྱེད་བཞིན་པ།
རྩོམ་སྒྲིག་པའི་སྦྲགས་མཆན།
2021ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་འཚོག་གྲབས་ཡོད་ཅིང་། འདས་ཟིན་པའི་ལོ་དེའི་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། རྒྱལ་དོན་དངོས་དམངས་འཚོ་ཐུགས་ལ་བཅངས་པ། འདྲི་རྟོགས་བརྟག་ཞིབ་གཏིང་ཟབ་གནང་བ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པ”ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྡུས་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་རྒྱུར་འགན་ནུས་གཙང་མ་སྒྲུབ་ཡོད། དེ་རིང་ནས་བཟུང་། འདི་ག་ཚགས་པར་གྱིས“འཐུས་མི་དང་ཨུ་ཡོན་གྱིས་འགན་ནུས་གཙང་སྒྲུབ་ཀྱི་སྐོར་བཀོད་པ”ཞེས་པའི་ལེ་ཚན་བཏོད་དེ་འཐུས་མི་དང་ཨུ་ཡོན་གྱི་འགྲམ་དུ་བསྐྱོད་ནས་ཁོང་ཚོའི་འགན་ནུས་སྒྲུབ་ཚུལ་ཤེས་རྟོགས་བྱ་རྒྱུ་དང་ཁོང་ཚོའི་འགན་ནུས་སྒྲུབ་པའི་བསམ་ཚུལ་ཉན་རྒྱུ་ཡིན།
2020ལོའི་ཟླ་དང་པོར་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བདེ་སྐྱིད་ལྷ་མཚོས་དྭ་ཕྲུག་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་གནང་བས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
ལོ་དེར་དྭ་ཕྲུག་ཡིན་པའི་སློབ་གྲྭ་ཆེ་མོ་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བ། དབང་པོ་སྐྱོན་ཅན་གྱི་སློབ་གྲྭ་ཆེ་མོ་བ་བཅས་ཀྱི་ལས་ཞུགས་གནད་དོན་ལ་དམིགས་ཏེ་ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་མི་སྤྱི་ཅུས་དང་མཉམ་འབྲེལ་ཐོག་དམངས་སྲིད་ཆེད་བསྐོས་ལས་བྱེད་པ་བཀོད་སྒྲིག་བྱས་ནས་ཆ་རྐྱེན་ཚང་བའི་སློབ་ཆེན་སློབ་ཐོན་སློབ་མ་100ལྷག་ཙམ་ལས་ཞུགས་ཐུབ་རོགས་བྱས་ཡོད། 2020ལོའི་ཟླ་10པར་སྒོར་3500ཡོད་པའི་གླ་ཆ་དང་པོ་དེ་ཁོང་ཚོའི་ལག་ཏུ་སྤྲད་པ་དང་ཚོད་ལྟའི་དུས་ཡུན་ཐིམ་རྗེས་ཁོང་ཚོའི་གླ་ཆ་ཟླ་རེར་སྒོར་5000བར་མཐོ་རུ་གཏོང་རྒྱུ་རེད།
བྱམས་པ་ཚེ་མཚོ་དང་། ཚེ་བརྟན་སྒྲོལ་མ། བསོད་ནམས་དཔའ་སྒྲོན་སོགས་ཆབ་མདོ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་ནས་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོ་གཅིག་རྗེས་གཉིས་མཐུད་ངང་ལས་ཞུགས་ཐུབ་ཡོད། “ཕྲུ་གུ་ཚོ་རང་སྐྱ་འཕེལ་བ་མཐོང་སྐབས་དགའ་ཚོར་ཆེན་པོ་བྱུང”ཞེས་བདེ་སྐྱིད་ལྷ་མཚོས་འཛུམ་དམུལ་དམུལ་ངང་བཤད་བྱུང་།
བདེ་སྐྱིད་ལྷ་མཚོ་ནི་ཆབ་མདོ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གཉིས་པའི་ཡོན་ཀྲང་ཡིན་ཞིང་། ཁོང་ད་ལོ་དགུང་ལོ་45ཡིན། ད་བར་སྤྱི་ཚོགས་ཕན་བདེའི་འགན་སྲུང་གི་ལས་ཀ་བྱས་ནས་ལོ་21ཙམ་སོང་ཡོད། 2000ལོའི་ཟླ་5པར་ཆབ་མདོའི་བྱིས་པའི་ཕན་བདེ་ཁང་དང་པོ་ཐོག་མར་འཛུགས་སྐབས་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་སློབ་ཆུང་དུ་རྒྱ་ཡིག་དགེ་རྒན་བྱེད་བཞིན་པའི་བདེ་སྐྱིད་ལྷ་མཚོས་གནས་ཚུལ་དེ་ཤེས་རྗེས་འཕྲལ་མར་ཐོ་བཀོད་ནས་ཡིག་རྒྱུགས་ནང་ཞུགས་པ་དང་ཁག་དང་པོའི་བྱིས་པའི་ཕན་བདེ་ཁང་གི་ལས་བཟོ་བྱས་པ་རེད།
ཁ་ལག་སྤྲོད་པ་དང་། གཙང་སྦྲ་བྱེད་པ། ཁང་པའི་ནང་བསྡུ་གསོག་རྒྱག་པ་སོགས་བདེ་སྐྱིད་ལྷ་མཚོས་ཀུན་ལ་འཇོན་པའི་འཚོ་བའི་དགེ་རྒན་ཞིག་ནས་རིམ་བཞིན་ད་ལྟའི་ཡོན་ཀྲང་བར་ཁོང་གིས་དྭ་ཕྲུག་ཚོ་ལས་སླ་པོ་མིན་པ་གསལ་པོ་ཤེས་སྟབས་བྱིས་པར་ཕན་བདེ་གཏོད་པའི་གོམ་སྟབས་ད་བར་མཚམས་འཇོག་གནང་མྱོང་མེད།
“ང་ཚོའི་ལས་ཀ་དམིགས་བསལ་ཡིན་པས་དུས་ཆེན་དང་ངལ་གསོའི་རིང་ལས་བྱེད་པ་དང་ལས་བཟོ་ཚང་མས་ལས་ཀ་བྱེད་དགོས་ཀྱི་ཡོད། དེར་བརྟེན། ངས་རྟག་པར་ཁོང་ཚོར‘ང་ཚོས་དཀའ་བ་སྤྱད་པ་ལས་ཕྲུ་གུ་ཚོར ་བདེ་སྐྱིད་གཏོད་ཐུབ’ཅེས་བརྗོད་ཀྱི་ཡོད། དེ་ནས་ཚང་མའི་འཁང་ར་རིམ་བཞིན་མངོན་གསལ་དོད་པོས་ཉུང་དུ་ཕྱིན་སོང”ཞེས་བདེ་སྐྱིད་ལྷ་མཚོས་བརྗོད་པ་རེད།
ཕན་བདེ་ཁང་གི་འཕེལ་རྒྱས་ནི་སྤྱི་ཚོགས་ཀྱིས་རྟག་ཏུ་དོ་སྣང་བྱེད་པའི་གླེང་གཞི་ཞིག་ཡིན། ལོ་མང་རིང་། རིམ་པ་ཁག་དང་སྡེ་ཚན་ཁག་གི་མཐོང་ཆེན་འོག་ཕན་བདེ་ཁང་དུ་གོས་འཁྲུད་ཁང་དང་། རོལ་རྩེད་ཁང་། དཔེ་དེབ་ཁང་། ཞབས་བྲོ་ཁང་སོགས་སྒྲིག་བཀོད་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་དང་། ཉལ་ཁང་དུ་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་དང་ཆུ་ཚ་པོ་བཟོ་ཆས་ཡོད་པས་ཕྲུ་གུ་ཚོའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད།
“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་བོད་གསར་རྙིང་བསྡུར་བའི་གློག་བརྙན་གཅིག་སྡུད་ཐོག་ལྟ་རུ་བཅུག་ནས་ཕྲུ་གུ་ཚོས་ཆུང་དུས་ནས་བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་རྣམས་ཏང་དང་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ཤེས་སུ་བཅུག་ཡོད།
“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་རིང་ཕན་བདེ་ཁང་གིས་ལས་དོན་མི་སྣ་སྒྲིག་འཛུགས་ཀྱིས་སྒོ་ངའི་བག་ལེབ་དང་རྔན་པ་ཉོས་ཏེ། ཟ་ཁང་དུ་ཕྲུ་གུ་ཚོ་དང་མཉམ་དུ་དུས་ཆེན་བཏང་ནས་ཁོང་ཚོར་ཕན་བདེ་ཁང་གི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་དུ་བཅུག་ཡོད།
འདི་ལོ་བདེ་སྐྱིད་ལྷ་མཚོས་སྔ་ས་ནས་གྲོས་གཞི་གྲ་སྒྲིག་བྱས་ཡོད་པ་དང་། ཁོང་གིས་གསར་འགོད་པར“ད་ལོའི་གྲོས་གཞིའི་ནང་དོན་ཕན་བདེ་ཁང་གི་ལས་དོན་མི་སྣའི་ཕན་བདེ་དང་ཐོབ་ཆའི་གནད་དོན་དང་འབྲེལ་བ་ཡོད། ང་ཚོའི་ལས་གནས་དམིགས་བསལ་ཡིན་པས། ལས་བྱེད་པ་ཚང་མས་བལྟོས་བཅས་ཀྱི་གོ་མིང་ལེན་ཐུབ་ཀྱི་མེད་ལ། གླ་ཆ་དང་ཐོབ་ཆའང་མཐོ་རུ་འགྲོ་ཐུབ་ཀྱི་མེད། སྤྱི་ཚོགས་ཕན་བདེའི་ལས་རིགས་ཀྱི་མཚོན་བྱེད་ཡིན་པས་ངས་ཚང་མས་ཐུགས་ཁུར་བྱེད་པའི་གནད་དོན་ཐད་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།