ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་བ་རག་ཚོགས་ཆུང་ནི་རྫོང་གྲོང་དང་བར་ཐག་སྤྱི་ལེ་2ཙམ་གྱི་ཤར་རྒྱུད་དུ་གནས་ཡོད། ཉེ་བའི་ལོ་ཤས་རིང“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་བྱ་ཆེད། མལ་གྲོ་གུང་དཀར་རྫོང་གིས་དག་པ་གྲོང་ཚོ་བ་རག་ཚོགས་ཆུང་ཚོད་ལྟ་བྱེད་སར་བརྩིས་ནས། རྫོང་ཡོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དཔེ་སྟོན་འདུ་འགོད་ལ་རིམ་བཞིན་སྐུལ་འདེད་བཏང་བས། གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ཀྱི་རྒྱ་ཆེའི་གྲོང་མི་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག སྡོད་མལ་ཁོར་ཡུག་མགྱོགས་མྱུར་བཅོས་སྒྲིག་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་བཏང་བས། ཚང་མར་ཡུལ་སྐོར་གྱི་ཡོང་འབབ་ཡག་པོ་རག་ཡོད།
གཙང་ཞིང་ཁོད་སྙོམས་པའི་གྲོང་གསེབ་ཀྱི་ཨར་འདམ་ལམ་བུའི་ཐོག་ཉིན་ལྟར་རྒྱལ་ཡོངས་ས་གནས་ཁག་གི་སྐུ་མགྲོན་ཡར་མར་བསུ་སྐྱེལ་བྱེད་ཅིང་། དག་པ་གྲོང་ཚོ་བ་རག་ཚོགས་ཆུང་གི་གྲོང་མི་དཀོན་མཆོག་བསྟན་འཛིན་གྱི་ཁང་པ་གཙང་ཞིང་ནང་ཆས་གྲལ་འགྲིག་པ་དང་། ཡུལ་སྐོར་བ་ཚོས་ཡ་མཚན་ཆེན་པོའི་སྒོ་ནས་དཀོན་མཆོག་བསྟན་འཛིན་གྱི་པ་ཕས་བཟོས་པའི་དག་པའི་རྫ་ཆས་ལ་ལྟ་བ་དང་པར་ལེན་བཞིན་འདུག
སྤྱི་སྐད་དེ་ཙམ་བདེ་པོ་མེད་མོད། འོན་ཀྱང་དཀོན་མཆོག་བསྟན་འཛིན་གྱིས་རྟག་ཏུ་འཛུམ་དམུལ་དམུལ་ངང་རང་ཁྱིམ་དུ་ཡོང་བའི་ཡུལ་སྐོར་བར་ཚ་སོབ་སོབ་ཀྱི་ཇ་བསྲུབས་མ་བླུགས་ཀྱི་ཡོད།
“ང་དང་བཟའ་ཟླ་དེ་གར་སླེབས་པ་ནས་འཚོ་བ་དལ་དལ་ལྷོད་ལྷོད་ཅིག་ལ་གྱུར་སོང་། དེ་ནི་སེམས་གསོ་བའི་འགྲུལ་བཞུད་ཅིག་ཡིན། ང་རང་མཛེས་སྡུག་ལྡན་པའི་བོད་ལྗོངས་ལ་ཧ་ཅང་དགའ་པོ་ཡོད། གལ་སྲིད་སླད་ཕྱིན་གོ་སྐབས་བྱུང་ན་ད་དུང་བོད་ལ་ཡོང་གི་ཡིན”ཞེས་ཡུལ་སྐོར་བ་སྐུ་ཞབས་ཝང་ལགས་ཀྱིས་ལག་ཏུ་ཡོད་པའི་ཇ་ཕོར་བཞག་ནས་ལྷག་བསམ་རྣམ་དག་ངང་བརྗོད།
མཛེས་སྡུག་ལྡན་ལ་རི་མོ་ལྟར་གྱི་འོང་ཁས་ཡུལ་སྐོར་བ་ཚོ་དགའ་སྤྲོ་རབ་ཏུ་འཁོལ་བར་གྱུར་པ་མ་ཟད། དེ་གའི་གྲོང་མི་ཚོར་དངོས་དངོས་རྗེན་རྗེན་གྱི་ཡུལ་སྐོར་ཡོང་འབབ་ཀྱང་བྱུང་ཡོད།
“སྔོན་ཆད་ཁྱིམ་ཚང་དང་གྲོང་ཚོར་གཙང་སྦྲ་བྱས་ན་ཡོང་འབབ་ཡོང་སྙམ་པ་བསམ་བློར་འཁོར་མྱོང་མེད། ང་ཚོ་ནང་མི་ཚོས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཡུལ་སྐོར་ཡོང་འབབ་ཡག་པོ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ད་ཆ་ཟླ་རེར་ཡུལ་སྐོར་བར་སྣེ་ལེན་ཞུས་པ་ཁོ་ནར་ཡོང་འབབ་སྒོར་2600འདུག་ཅེས་དཀོན་མཆོག་བསྟན་འཛིན་གྱིས་དགའ་ཚོར་ཆེན་པོའི་སྒོ་ནས་བཤད་བྱུང་།
བ་རག་ཚོགས་ཆུང་གི་ཙུའུ་ཀྲང་ཚེ་དབང་འཕྲིན་ལས་ཀྱིས“ཡུལ་སྲོལ་གོམས་གཤིས་མྱོང་ལེན་ས་ཚིགས་དང་ཁྱད་ལྡན་ཐོན་རྫས་བྲིན་ཚོང་ས་ཚིགས་ཤིག་ཡིན་པའི་ངོས་ནས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་བཀའ་མོལ་དེའི་གཏིང་ཟབ་པའི་ནང་དོན་དེ་དངོས་འབྲེལ་ཤེས་རྟོགས་ཐུབ་བྱུང་། ཡུལ་སྐོར་གྱི་ཡོང་འབབ་ཡག་པོ་ཡོང་བར་སྣོད་བཅུད་བཟང་པོའི་འདེགས་སྐྱོར་དགོས་ཀྱི་ཡོད། ང་ཚོས་སྣོད་བཅུད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཚེ་ཡུལ་སྐོར་གྱི་ཡོང་འབབ་ཡག་པོ་ཡོང་ངེས་རེད་ཅེས་བརྗོད།