དབུ་ཤོག>ཆེད་སྒྲིག
  • མི་མེད་ལུང་སྟོང་ནས་སྤོས་ཏེ། ཐོན་ལས་འཕེལ་རྒྱས་ལས་ལ་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-12

    མིག་སྒྲོན་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་རྒྱ་གླིང་སྐྱ་གདུང་གྲོང་ཚོའི་མི་ཡིན་ཞིང་། ད་ཆ་ཁོ་མོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དགའ་གྲོང་གྲོང་ཚོར་སྡོད་ཀྱི་ཡོད། འདི་ཁུལ་ནི་ཉི་མ་རྫོང་རོང་དམར་ཤང་གི་ས་བབ་མཐོ་ཤོས་ཀྱི་སྣོད་བཅུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་ཞིག་རེད། 2018ལོའི་ཟླ་6པར་རོང་དམར་ཤང་གི་དུད་ཚང་262ཀྱི་གྲོང་མི་ཁྱོན་1102མཉམ་དུ་བར་ཐག་སྤྱི་ལེ་800ཡོད་པའི་དགའ་གྲོང་གྲོང་ཚོར་སྤོས་པ་རེད།

    གནས་སྤོས་མ་བྱས་གོང་། བོད་བྱང་ཐང་རྩྭ་ཐང་དུ་གནས་པའི་མིག་སྒྲོན་གྱི་ཁྱིམ་དུ་ལུག་100ལྷག་ཙམ་དང་འབྲི་གཡག་20ཡོད། སྔོན་མར་ནང་མི་ཚང་མས་རང་བྱུང་རྩྭ་ཐང་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།

    “རོང་དམར་ཤང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་4.68ཟིན་པ་དང་། དེ་ནི་ཧའེ་ནན་ཞིང་ཆེན་ཡོངས་ཀྱི་སྐམ་སའི་སྤྱིའི་རྒྱ་ཁྱོན་ལས་ཀྱང་ཆེ་ལ། ས་ཆ་མང་པོ་ནི་མི་མེད་ལུང་སྟོང་ཁུལ་ཡིན”ཅེས་རོང་དམར་ཤང་གི་ཤང་ཀྲང་ཤའོ་ཧུང་ཆང་གིས་ངོ་སྤྲོད་བྱས། ཁོང་གིས་རོང་དམར་ཤང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་པ་དང་། གསོ་རླུང་འདུས་ཚད་ནང་ས་ལས་40%ལས་མེད་ལ་དབྱར་ཁའང་གངས་འབབ་ཀྱི་ཡོད་པས། ཡུལ་མི་མི་ཉུང་བར་གྲུམ་བུའི་ནད་དང་ཁྲག་ཤེད་མཐོ་བ། སྙིང་ནད་སོགས་ཀྱི་ནད་ཕོག་ཡོད་ཅེས་བརྗོད།

    ས་བབ་མཐོ་བ་དང་། གནམ་གཤིས་ངན་པ། འཚོ་སྡོད་ཁོར་ཡུག་ཞན་པ། ཡུན་རིང་ཕྱུགས་འཚོ་བ་སོགས་དབང་གིས་རྩྭ་ས་ཉམས་ཞན་དུ་གྱུར་པ། དེ་ནི་རོང་དམར་ཤང་ཚུད་པའི་ས་བབ་མཐོ་བའི་ས་ཁུལ་མང་པོའི་གྲོང་མིར་འཕྲད་པའི་ཐུན་མོང་གི་དཀའ་གནད་ཅིག་རེད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཀའ་གནད་སེལ་བ་དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཆེད། བོད་ཀྱིས་ལོ་8རིང་གཞིས་རྩེ་དང་། ནག་ཆུ། མངའ་རིས་བཅས་ས་ཁུལ་དང་གྲོང་ཁྱེར་3གྱི་རྫོང་20དང་། ཤང་དང་གྲོང་རྡལ་97གྱི་མང་ཚོགས་ཁྲི་13ལྷག་ཙམ་ལ་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོའི་བྱེད་ཐབས་ལག་བསྟར་བྱས་ཤིང་། རོང་དམར་ཤང་འདི་ཉིད་གནས་སྤོས་ས་ཁུལ་དང་པོ་ཡིན་པ་རེད།

    ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནས་ས་ཁྱོན་མུའུ་1000ཙམ་ཟིན་པའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས། གནས་སྤོས་གྲོང་མིའི་དུད་ཚང་རེའི་མི་རེར་ཆ་སྙོམས་སྨི་ངོས་གྲུ་25ལས་མི་བརྒལ་བའི་ཚད་གཞི་ལྟར་ཁང་པ་གསར་པ་སྤྲད་པ་དང་། ཆུ་གློག་དང་དྲ་བ་སྤྱོད་ཐུབ་པ་མ་ཟད། སྨན་ཁང་དང་། བྱེད་སྒོའི་ལྟེ་གནས་སོགས་ཀྱང་ཡོད་པས་གྲོང་མི་རྣམས་ལ་སྡོད་གནས་ཐད་སེམས་ཁྲལ་མེད་པ་རེད།

    འོན་ཀྱང་གྲོང་མི་རྣམས་ཀྱི་སེམས་ཁྲལ་ནི་ཕྱུགས་རིགས་ལ་བརྟེན་པའི་འཚོ་བ་དང་བྲལ་བས་སླད་ཕྱིན་འཚོ་བ་གང་འདྲ་ཞིག་སྐྱེལ་མིན་དེ་ཡིན། དེར་བརྟེན་ནག་ཆུ་གྲོང་ཁྱེར་སྲིད་གཞུང་གིས་སྒོར་ཁྲི་5000ལྷག་ཙམ་གྱི་ཐོན་ལས་མ་དངུལ་གྲབས་གསོག་བྱས་ནས་རོང་དམར་ཤང་གི་བཀོད་སྒྲིག་བྱ་ཡུལ་གྱི་འཚོ་བའི་ཁུལ་གྱི་ཕྱི་རོལ་དུ་བཞོན་མ་གསོ་ཚགས་ར་བ་དང་ལུག་རྒྱགས་གསོ་ར་བ་གསར་དུ་བཙུགས་པ་མ་ཟད། གྲོང་མི་སྒྲིག་འཛུགས་བྱས་ནས“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”འཕེལ་རྒྱས་བཏང་བ་རེད། བཀོད་སྒྲིག་བྱ་ཡུལ་དང་བར་ཐག་སྤྱི་ལེ་གཉིས་གསུམ་གྱི་སར། ལྷ་ས་གྲོང་ཁྱེར་གྱིས་གསར་དུ་བསྐྲུན་པའི“ཞང་ཞུང་མེ་ཏོག”མཛེས་ལྗོངས་ཁུལ་ཆེ་གྲས་ཡོད་པ་དང་། ནག་ཆུ་གྲོང་ཁྱེར་སྲིད་གཞུང་དང་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གཞུང་དོན་ཁང་གིས་རང་འགུལ་ངང་སྦྲེལ་མཐུད་གང་ལེགས་བྱས་པ་བརྒྱུད། རོང་དམར་ཤང་གིས་གྲོང་མི་80སྒྲིག་འཛུགས་བྱས་ནས་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་དང་རྩྭ་ཐང་གི་རྟ་རྒྱུག་མདའ་འཕེན་སོགས་འཁྲབ་སྟོན་བྱེད་ཀྱི་ཡོད།

    “ང་ཚོས་ཐོན་ལས་འཕེལ་རྒྱས་དང་ལས་གནས་བཀོད་སྒྲིག་བྱེད་པ་གནས་སྤོའི་རྗེས་མཐུད་ལས་དོན་གྱི་གཙོ་བོར་བཞག་པ་ཡིན”ཞེས་ཤའོ་ཧུང་ཆང་གིས་བརྗོད། ཁོང་གིས་ལས་གཉེར་བྱེད་འགོ་ཚུགས་པའི“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”གི་གུར་ནང་དུ་བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་བཀོད་སྒྲིག་བྱས།

    “རོང་དམར་ཤང་གི་གྲོང་མི་གནས་སྤོས་རྗེས། ང་ཚོས་ཡུལ་མིའི་མ་རྐང་མཉམ་སྡེབ་ཁེ་ལས་བཙུགས་ནས་འབྲི་གཡག་དང་ལུག་འཚོ་བ་དང་གཡོག་བྱེད་ཀྱི་འགན་འཁུར་ཡོད། ད་དུང་ལུག་རྒྱགས་གསོ་ར་བ་གཅིག་བཙུགས་པ་དང་། ལུག་ལྷ་སར་མ་བཙོངས་གོང་དུ་རྒྱགས་གསོ་ར་བར་བཞག་ནས་ཟླ་གསུམ་རིང་རྒྱགས་གསོ་བྱེད་ཀྱི་ཡོད། བྱང་ཐང་གི་ལུག་ཤ་བྲོ་བ་ཧ་ཅང་ཆེ་བས། སྐུ་མགྲོན་ཚོས་དགའ་པོ་བྱེད་ཀྱི་འདུག”ཅེས་ཤའོ་ཧུང་ཆང་གིས་བཤད།

    མི་རིང་བའི་གོང་བཀོད་སྒྲིག་བྱ་ཡུལ་དུ་རླངས་འཁོར་འཇོག་སའི་དབུལ་སྐྱོར་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་། ད་ཆ་སྐྲུན་མཇུག་འགྲིལ་ཉེར་ཡོད་པ་རེད། མཚོ་བོད་གཞུང་ལམ་གྱི་འགྲམ་དུ་ཡོད་པའི་རླངས་འཁོར་འཇོག་ས་དེར་རླངས་འཁོར་འཇོག་པ་དང་། གནས་སྡོད། ཟ་འཐུང་། འཁྲུད་ཁང་སོགས་གཞི་གཅིག་ཏུ་འདུས་ནས་ཟོག་འདྲེན་རླངས་འཁོར་ལྷ་སར་མ་སྐྱོད་གོང་ངལ་གསོ་བའི་ས་ཚིགས་གལ་ཆེན་དུ་གྱུར་ཡོད། བཀོད་སྒྲིག་བྱ་ཡུལ་གྱི་ལམ་རྒྱུད་དུ་བསྐྲུན་པའི་ཁང་མིག་བཅུ་ཕྲག་ཡོད་པའི་ཚོང་ཁང་དག་ཀྱང་རླངས་འཁོར་འཇོག་ས་བཟོས་པ་དང་བསྟུན་ནས་ཚོང་ཇེ་ཡག་ཏུ་འགྲོ་རེ་ཡོད་པ་རེད།

    ཤའོ་ཧུང་ཆང་གིས་གནས་སྤོས་ཚུན་དུ་རོང་དམར་ཤང་གི་ངལ་རྩོལ་ནུས་ཤུགས་654ཡི་ནང་ནས་མི་403ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། འབྱུང་འགྱུར་ཕན་ཚུན་འདེགས་སྐྱོར་དང་སྦྲེལ་ཐག་ཆགས་པའི་ཐོན་ལས་རྣམ་གྲངས་དེ་དག་གཉེར་སྐྱོང་བྱས་རྗེས། རོང་དམར་ཤང་གི་ངལ་རྩོལ་ནུས་ཤུགས་ཚང་མ་སྒོ་རྩ་ནས་ལས་ཞུགས་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    ཡུལ་དབུལ་པོ་ནས་སྤོ་བ་དང་ཡོང་འབབ་དམའ་བའི་ལས་ཀ་བརྗེ་བ་གལ་ཆེ་མཉམ་འཛིན་དང་། བདེ་སྡོད་དང་ལས་བརྩོན་གཉིས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཤིང་། བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་སྐབས་མང་ཚོགས་དབུལ་པོ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་པ། རིམ་གྱིས་ཕྱུག་པོ་ཆགས་ཐུབ་པར་བྱས་ཡོད། ས་གནས་ཁག་གིས་ཀྱང་ཐོན་ལས་འཕེལ་རྒྱས་བཏང་བ་དང་ཆབས་ཅིག་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་སྒྲིག་འཛུགས་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་པར་བརྟེན། ད་ཆ་ཡུལ་གཞན་དུ་གནས་སྤོས་པའི་མི་འབོར་དབུལ་པོ་ཁྲི་12.3ལས་ཞུགས་ཐུབ་པ་དང་ངལ་རྩོལ་ནུས་ཤུགས་མི་གྲངས་ཀྱི་87%བཟུང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།