ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་གྲངས་གཞི་གསར་ཤོས་ལས་མངོན་པར། 2020ལོར་བོད་ཀྱི་རིམ་པ་དེ་གའི་ནོར་སྲིད་གཏོང་སྒོའི་ཁྲོད་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ལ་སྤྱད་པའི་གཏོང་སྒོ་སྒོར་དུང་ཕྱུར་1776གིས་བསྡུར་ཚད་80.4%བཟུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་ལོར་ཆ་སྙོམས་འཕར་ཚད་10%ལས་བརྒལ་ཞིང་། ལོ་5ཡི་རིང་བོད་ཀྱིས་རིམ་རྩིས་བྱས་ན་དབུལ་སྒྲོལ་འགག་སྒྲོལ་ལ་མ་དངུལ་སྒོར་དུང་ཕྱུར་753.88བཏང་ནས་རྫོང་དང་ཆུས་དབུལ་པོ་དབུལ་ཞྭ་ཕུད་ཐུབ་པ་དང་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་པ་རེད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཤའོ་ཧོའུ་གོ་ཡིས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་འཕེལ་རྒྱས་ཀྱི་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་ཅེས་བརྗོད།
སྤྱི་ཚོགས་འགན་ལེན་ལ་བཏང་བའི་མ་དངུལ་ཐད། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བས་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མི་རེར་ཟླ་རེར་ཆ་སྙོམས་སྒོར་847དང་། མི་རེར་ལོ་རེར་ཆ་སྙོམས་སྒོར་4713སོ་སོར་ཟིན་ཡོད། དེ་དང་ཆབས་ཅིག་འགན་ལེན་ལྔའི་བསྙེན་བཀུར་དང་དྭ་ཕྲུག་གསོ་ཉར་ཐད“གཅིག་སྡུད་གཉིས”མངོན་འགྱུར་བྱུང་བ་དང་། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་གསོ་ཉར་རོགས་སྐྱོབ་ཀྱི་འཚོ་བའི་ཁ་གསབ་མི་རེར་ལོ་རེར་ཆ་སྙོམས་སྒོར་13213ཟིན་པ་དང་ཁ་ཐོར་གསོ་ཉར་རོགས་སྐྱོབ་ཀྱི་འཚོ་བའི་ཁ་གསབ་མི་རེར་ལོ་རེར་ཆ་སྙོམས་སྒོར་7070ཟིན་ཡོད་པ་རེད།
སློབ་གསོའི་བྱ་གཞག་གི་འགན་ལེན་ཐད། ལོ་5ཡི་རིང་བོད་ཀྱི་སློབ་གསོའི་གཏོང་སྒོ་ལོ་རེར་ཆ་སྙོམས་15%འཕར་ནས་སློབ་ཞུགས་གོང་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ལོ་15ཡི་སློབ་གསོའི“འགན་ལེན་གསུམ”(ཟ་སྡོད་སློབ་གསུམ་གྱི་འགྲོ་གྲོན་འགན་ལེན)མངོན་འགྱུར་བྱུང་བ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་སློབ་སྐྱོར་རོགས་དངུལ་སྲིད་ཇུས་ཕྱོགས་ཡོངས་ལ་ཁྱབ་ནས་ཁ་གསབ་ཀྱི་ཚད་གཞི་སློབ་མ་རེར་ལོ་རེར་ཆ་སྙོམས་སྒོར་4200ཟིན་ནས་སློབ་མ་ཁྲི་60ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།
ལས་ཞུགས་བརྟན་པོའི་ཐད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་རིམ་རྩིས་བྱས་ན་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་63བཀོད་སྒྲིག་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་21.06གསར་དུ་ལས་ཞུགས་ཐུབ་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་108%ལེགས་གྲུབ་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད། ཞིང་འབྲོག་པ་མི་ཐེངས་ཁྲི་433ལས་ཞུགས་གཞན་སྒྱུར་བྱུང་བ་དང་ངལ་རྩོལ་ནུས་ཤུགས་དབུལ་པོ་ཁྲི་18.74ལས་ཞུགས་གཞན་སྒྱུར་བྱུང་ཡོད།
གཞན་ཡང་བོད་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ། འཕྲལ་སྡོམ་རོགས་སྐྱོབ་བཅས་ཕན་ཚུན་ཁ་གསབ་དང་སྦྲེལ་མཐུད་བྱེད་པའི་རིམ་པ་མང་བའི་སྨན་བཅོས་འགན་ལེན་མ་ལག་བཙུགས་པས་སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་ལོ་རེར་ཆ་སྙོམས་20%ཙམ་འཕར་ཡོད་པ་རེད།