ས་མཐོའི་དབུལ་སྒྲོལ་གྱི་ངོ་མཚར་བཏོད་པ།
● 2015ལོ་ནས་2019ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ལ་ཆེད་དོན་དབུལ་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་430ལྷག་ཙམ་བཀོད་སྒྲིག་བྱས་པ།
● རྒྱལ་ཁབ་ཀྱིས་བོད་ལ་རྣམ་གྲངས་197འཆར་འགོད་བཀོད་སྒྲིག་བྱས་པ་དང་འཆར་འགོད་བྱེད་རིང་མ་དངུལ་སྒོར་དུང་ཕྱུར་3807བཏང་བའི་ནང་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2674བཏང་ཡོད། 2020ལོའི་ཟླ་10པའི་ཟླ་མཇུག་བར་ཀྲུང་དབྱང་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་3136བཏང་བ།
● རྒྱལ་ཁབ་ཀྱིས་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ལ་རྣམ་གྲངས་520འཆར་འགོད་བཀོད་སྒྲིག་བྱས་པ་དང་འཆར་འགོད་བྱེད་རིང་མ་དངུལ་སྒོར་དུང་ཕྱུར་6021བཏང་བའི་ནང་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2888བཏང་བ།
● “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་མི་ཁྲི་26.6གནས་སྤོས་པ་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་མི་ཁྲི་23གནས་སྤོས་པ།
● “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁ་གསབ་ཀྱི་ཚད་གཞི་དེ་ལོར་སློབ་མ་རེར་ཆ་སྙོམས་སྒོར་240མཐོ་རུ་བཏང་ནས་2019ལོར་ཁ་གསབ་ཀྱི་ཚད་གཞི་ལོར་སློབ་མ་རེར་ཆ་སྙོམས་སྒོར་4260ཟིན་པ་དང་སློབ་མ་ཁྲི་60ཙམ་ལ་ཕན་པ་ཐོབ་ཡོད།
ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་བོད་ལྗོངས་ལྷོ་ཁ་སྲིན་བུ་རིར་གནས་སྡོད་ཨོ་བདེ་དང་དེ་མིན་གྱི་འབྲོག་པ་34ཉིན་ལྟར་སྔ་དྲོ་གྲོང་ཚོ་ཨུ་ལྷན་གྱི་གཞུང་ལས་ཐོག་ཁང་དུ་བསྐྱོད་དེ་རས་ལ་དབུར་ཏི་རྒྱག་པ་དང་ཉལ་གོས་འཚེམ་པ་སོགས་བྱེད་ཀྱི་ཡོད། ལོ་གཅིག་གོང་ཨོ་བདེ་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སེའུ་ཤང་གི་འབྲོག་པ1000ལྷག་ཙམ་དང་མཉམ་དུ་གནམ་གཤིས་ཞན་པའི་ས་བབ་མཐོ་ཚད་སྨི་5000ཡི་རི་ཁུལ་ནས་འདིར་སྤོས་པ་རེད། གནས་འདི་ནས་ཁོང་ཚོ་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བ་དང་། ལས་ཞུགས་ཐུབ་པ། ཡོང་འབབ་འཚོལ་བའི་ཐབས་ལམ་རྙེད་པ། ཞབས་ཞུར་འགན་ལེན་ཡོད་པ་བཅས་ཀྱི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ད་བར་འཛིན་པའི་སྲིད་ཇུས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་བྱ་ཐབས་གལ་ཆེན་མང་པོ་ཞིག་སྔ་རྗེས་སུ་བཏོན་ནས། ས་གནས་དེ་གའི་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། འགྲིམ་འགྲུལ་དབུལ་སྐྱོར། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད། འཐུང་ཆུའི་བདེ་འཇགས་འགན་ལེན། སྣོད་བཅུད་དབུལ་སྐྱོར་བཅས་དང་དེ་བཞིན་མཐའ་མཚམས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐད་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
མ་དངུལ་དང་། རྣམ་གྲངས། སྲིད་ཇུས་སོགས་ཀྱི་ཐད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།
བོད་ལྗོངས་དང་། སི་ཁྲོན་དང་། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ཚང་མ་མཚོ་བོད་ས་མཐོར་གནས་ཡོད། དེ་གའི་རང་བྱུང་ཆ་རྐྱེན་ཞན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་ཚུགས་འཕྱི་བ། ཆ་རྐྱེན་སྐྱོ་བ། རྨང་གཞི་ཞན་པ། ནུས་པ་ཞན་པས་ཚང་མ་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་རེད། བོད་ལྗོངས་སྔར་བཞིན་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་འབའ་ཞིག་ཡིན་སྟབས། དབུལ་པོ་ཆགས་ཚད་ཟབ་པ་དང་། དབུལ་པོ་ཆགས་རྐྱེན་རྙོག་འཛིང་ཆེ་བ། དབུལ་སྒྲོལ་ཡོང་བར་དཀའ་ངལ་ཆེན་པོ་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་འགོ་ཚུགས་པ་ནས་བཟུང་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཡོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ཚང་མ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་བརྩིས་ནས “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཁྱབ་ཁོངས་སུ་བཅུག་སྟེ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཁར། མ་དངུལ་དང་། རྣམ་གྲངས། སྲིད་ཇུས་སོགས་ཀྱི་ཐད་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། དེའི་ནང་2015ལོ་ནས་2019ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ལ་ཆེད་དོན་དབུལ་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་430ལྷག་ཙམ་བཀོད་སྒྲིག་བྱས་པ་དང་ལོར་ཆ་སྙོམས་འཕར་ཚད་29%ཡན་ཟིན་ནས་རྒྱལ་ཡོངས་ཀྱི་དུས་མཚུངས་ཀྱི་འཕར་ཚད་ལས་5%མཐོ་བ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ངོས་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་ལོ་ལྔའི་འཆར་འགོད་རྩོམ་བཟོ་བྱས་པ་ནི“ལོ་ལྔ་ཚན་བཅུ་གཉིས་པ”ནས་འགོ་བརྩམས་པའི་བྱ་ཐབས་ཤིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་བོད་ལ་རྣམ་གྲངས་197འཆར་འགོད་བཀོད་སྒྲིག་བྱས་པ་དང་འཆར་འགོད་བྱེད་རིང་མ་དངུལ་སྒོར་དུང་ཕྱུར་3807བཏང་བའི་ནང་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2674བཏང་ཡོད། 2020ལོའི་ཟླ་10པའི་ཟླ་མཇུག་བར་ཀྲུང་དབྱང་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་3136བཏང་བ་དེ་འཆར་འགོད་ཀྱི་མ་དངུལ་གཏོང་འབོར་ལས་17.3%བརྒལ་ཡོད། རྒྱལ་ཁབ་ཀྱིས་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ལ་རྣམ་གྲངས་520འཆར་འགོད་བཀོད་སྒྲིག་བྱས་པ་དང་འཆར་འགོད་བྱེད་རིང་མ་དངུལ་སྒོར་དུང་ཕྱུར་6021བཏང་བའི་ནང་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2888བཏང་ཡོད། རྣམ་གྲངས་དེ་དག་ལག་བསྟར་བྱས་པ་དེས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་རྨང་གཞི་ཡང་བརྟན་དུ་སོང་ཡོད།
“ཡུལ་ཕྱོགས་ཤིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི”ས་ཁུལ་དབུལ་པོའི་མི་འབོར་དབུལ་པོ་ཡུལ་གཞན་དུ་གནས་སྤོ་བྱས་པ་རེད། 2016ལོ་ནས་བཟུང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་གཏོང་བའི་ཁ་གསབ་ཚད་གཞི་ཕྱོགས་ཡོངས་ནས་མཐོ་རུ་བཏང་བའི་རྨང་གཞིའི་ཐོག་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ལ་མི་རེར་ཆ་སྙོམས་སྒོར་ཁྲི་1གི་རྒྱལ་ཡོངས་ཀྱི་ཚད་གཞི་མཐོ་ཤོས་ལྟར་རྒྱབ་སྐྱོར་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་མི་ཁྲི་26.6གནས་སྤོས་པ་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་མི་ཁྲི་23གནས་སྤོས་པ་རེད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དམངས་འཚོ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ།
བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་རི་མཐོ་ཞིང་རོང་ཟབ་པས་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་གཞི་ཁྱོན་་ཆེ་བ་དང་འཛུགས་སྐྲུན་གྱི་མ་གནས་མཐོ་པོ་ཡོད་ནའང་མི་རེའི་ཆ་སྙོམས་བེད་སྤྱོད་བྱེད་ཚད་དམའ་པོ་ཡིན་པ་དང་ལྷག་པར་དུ་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མངོན་གསལ་དོད་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གིས་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད།
བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་འཕེལ་རྒྱས་མྱུར་པོ་ཕྱིན་ནས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། གྲོང་ཁྱེར་འཛུགས་སྐྲུན་སོགས་ཐད་རྣམ་གྲངས་གལ་ཆེན་ཁག་གཅིག་བསྐྲུན་ནས་འཇུར་མིག་དང་ཚོད་འཛིན་གྱི་གནད་དོན་ཞི་ལྷོད་དུ་སོང་ཡོད།
བོད་དབུས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དང་མངའ་རིས་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གྲྭ་ནི་རྒྱལ་ཁབ་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལ་རྒྱབ་སྐྱོར་བྱས་པའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། དེའི་ཁྲོད་ཀྱི་བོད་དབུས་གློག་ཤུགས་དྲ་སྦྲེལ་ལས་གྲྭ་2018ལོའི་ཟླ་11པར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཏེ་མཚོ་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་དང་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གྲྭ་ཕན་ཚུན་སྦྲེལ་མཐུད་བྱུང་ཡོད། མངའ་རིས་གློག་ཤུགས་དྲ་སྦྲེལ་ལས་གྲྭ་2020ལོའི་ཟླ་12པར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཏེ་མངའ་རིས་གློག་དྲ་ཡུན་རིང་ཁེར་རྐྱང་དུ་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་ནས་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74ཡི་མི་ཁྲི་300ལྷག་ཙམ་ལ་ཕྱོགས་ཡོངས་ནས་ཁྱབ་པའི་གཅིག་གྱུར་གྱི་གློག་དྲ་ཞིག་ཆགས་ཡོད།
ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་སར་གཞི་ཚུགས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཚད་གཞིར་འཛིན་པ། སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།
སློབ་གསོའི“འགན་ལེན་གསུམ”(ཟ་སྡོད་སློབ་གསུམ་འགན་ལེན)ནི་བོད་ཀྱི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། མིག་སྔར་ཀྲུང་དབྱང་ནོར་སྲིད་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་ཁ་གསབ་སྲིད་ཇུས་བོད་ཀྱི་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་གྱི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་ཁྱབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁ་གསབ་ཀྱི་ཚད་གཞི་ལོར་སློབ་མ་རེར་ཆ་སྙོམས་སྒོར་240མཐོ་རུ་བཏང་ནས་2019ལོར་ཁ་གསབ་ཀྱི་ཚད་གཞི་ལོར་སློབ་མ་རེར་ཆ་སྙོམས་སྒོར་4260ཟིན་པ་དང་སློབ་མ་ཁྲི་60ཙམ་ལ་ཕན་པ་ཐོབ་ཡོད།
ཐུམ་འབུའི་ནད་ཀྱིས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་ལ་ཡུན་རིང་གནོད་སྐྱོན་བཏང་ཡོད་ཀྱང་ད་ཆ་ཚོད་འཛིན་ནུས་ལྡན་ཐུབ་ཡོད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མི་ཚོགས་ཡོངས་ལ་གྲལ་བཤེར་དང་རིན་མེད་སྨན་བཅོས་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74ཡི་ནང་ནས་ཐུམ་འབུའི་ནད་ཕོག་ཚད་1%ལས་དམའ་བའི་རྫོང(ཆུས)70ཟིན་པ་དང་ནད་འདི་ཕོག་ཚད་2016ལོའི1.66%ནས་མིག་སྔའི་0.26%བར་ཆག་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་མཚམས་སུ་སླེབས་ཡོད།
ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྨན་བཅོས་དང་སློབ་གསོར་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། 2014ལོར་འཚོགས་པའི་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཁ་གཏད་རོགས་སྐྱོར་མ་དངུལ་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་གཟིགས་སྐྱོང་བྱས་ཏེ་མ་དངུལ་80%གཞི་རིམ་དུ་གཏོང་རྒྱུ་དང་མ་དངུལ་80%དམངས་འཚོ་ལེགས་གཏོང་ཐད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་དེ་བས་མང་བར་ཐད་ཀར་ཕན་པ་འདོགས་དགོས་ཞེས་བཏོན་ཡོད། 2013ལོ་ནས་ད་བར་ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་བཞིན་པའི་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་300ཙམ་བཀོད་སྒྲིག་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།
2015ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་སྤྱི་པུའུ། དེ་སྔའི་འཆར་བཙའ་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་ཏེ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་གི་ཆེད་བཅོས་ཚན་ཁག་འཛུགས་སྐྱོང་དང་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་གཙོ་གནད་རོགས་སྐྱོར་བྱས་ཡོད། ནང་སའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་66གིས་བོད་ཀྱི“1+7”སྨན་ཁང་ལ་གཅིག་སྡུད་རོགས་སྐྱོར་བྱས་པ་དང་སྔ་རྗེས་སུ་ཁག་ཐེངས་ལྔ་ཡི་སྨན་བཅོས་ཤེས་ལྡན་མི་སྣ་842མངགས་ཏེ་བོད་ལ་རོགས་སྐྱོར་ལས་དོན་སྤེལ་ཡོད། 2016ལོ་ནས་བཟུང་། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ་བཅས་ས་ཁུལ་དང་གྲོང་ཁྱེར་6གི་མི་དམངས་སྨན་ཁང་གིས་བདེ་བླག་ངང“ཀ་པ་རིམ་པ་གསུམ་པ”བཏོད་པ་དང་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་བདེ་བླག་ངང“ཁ་པ་རིམ་པ་གསུམ་པ”བཏོད་དེ་རིམ་ཁག་སྨན་ཁང་གི་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ད་དུང“ནད་ཆེན”རིགས་367རང་སྐྱོང་ལྗོངས་ནས་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2208ས་ཁུལ་དང་གྲོང་ཁྱེར་ནས་བཅོས་ཐུབ་པ། ས་གནས་མང་ཆེ་བས“ནད་ཆུང”རྫོང་ནས་བཅོས་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།
2016ལོར་སློབ་གསོ་པུས་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཤིང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། སློབ་གསོའི་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་17གྱིས་སྔ་རྗེས་སུ་དགེ་རྒན་1276མངགས་ཏེ་བོད་ཀྱི་སློབ་གྲྭ་21ལ་ཁ་གཏད་རོགས་བྱས་པ་དང་། བོད་ལྗོངས་ཡོངས་ནས་ཁག་ཐེངས་གསུམ་གྱི་དགེ་རྒན་1179ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གནས་སྦྱར་གསོ་སྦྱོང་བྱེད་པར་མངགས་ཡོད། 2019ལོར་ཁག་ཐེངས་གསར་པའི་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་འཆར་གཞིར་བཅུག་ནས་གཅིག་གྱུར་དོ་དམ་བྱས་ཏེ་བོད་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་འགྲོ་རྒྱུར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།
ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཐད་ཕན་འབྲས་གསར་པ་ཐོབ་ཡོད། 2010ལོར་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། རོགས་སྐྱོར་བྱེད་མཁན་ཁག་གིས་ཁྱོན་བསྡོམས་ཁག་ཐེངས་བཞི་ཡི་ལས་བྱེད་ཤེས་ལྡན་མི་སྣ་915མཚོ་སྔོན་དུ་མངགས་པ་དང་མཚོ་སྔོན་ལ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་150ཙམ་དོན་འཁྱོལ་བྱས་ཏེ་མཚོ་སྐྱོར་རྣམ་གྲངས་ཁྱོན་བསྡོམས་2200ལྷག་ཙམ་ལག་བསྟར་བྱས་ཡོད། དེའི་ནང་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་ཚུན། རོགས་སྐྱོར་བྱེད་མཁན་ཁག་གིས་མཚོ་སྐྱོར་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་40ཙམ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱས་པ་དང་། མི་འབོར་དབུལ་པོ་ཁྲི་27ལ་ཕན་པ་ཐོབ་པ། བོད་འབྲེལ་ཀྲོའུ་དྲུག་གི་རྫོང་དབུལ་པོ་32དབུལ་ཞྭ་འཕུད་རྒྱུར་རྒྱབ་སྐྱོར་བྱས་ཡོད། 2014ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེན་ཅིན་གྲོང་ཁྱེར་དང་། ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་ཀྱིས་སི་ཁྲོན་དང་། ཡུན་ནན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་བོད་རིགས་རང་སྐྱོང་ཀྲོའུ་4དང་བོད་རིགས་རང་སྐྱོང་རྫོང་2ལ་རོགས་སྐྱོར་བྱེད་དགོས་པའི་གཏན་འབེབས་གནང་ཡོད། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ཀྲོའུ་དང་རྫོང་ཚང་མ་ཁ་གཏད་རོགས་སྐྱོར་བྱེད་ཁོངས་སུ་བཅུག་པ་དང་ལས་དོན་དེ་སྤེལ་བ་ནས་བཟུང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་50ལྷག་ཙམ་བཀོད་སྒྲིག་བྱས་ཏེ་བོད་འབྲེལ་ཀྲོའུ་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣