དབུ་ཤོག>ཆེད་སྒྲིག
  • འཚོ་བའི་གད་སྙིགས་མཆོག་ནོར་དུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-31

    དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན། འབྲི་རུ་རྫོང་དུ་སྔ་རྗེས་སུ་ལས་གཏོད་ལ་བརྟེན་ནས་ཕྱུག་པོ་ཆགས་པ་དང་། ཚོང་བརྒྱབ་ནས་ཕྱུག་པོ་ཆགས་པ། སྲིད་ཇུས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པའི་མི་ཁག་གཅིག་ཐོན་ཡོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྣེ་ཁྲིད་པ་ཡིན་པའི་བསོད་ནམས་བདེ་ཆེན་གྱིས་མཛེས་སྡུག་ལྡན་པའི་སྡོད་མལ་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དང་ཟུང་འབྲེལ་གྱིས་སྣོད་བཅུད་དང་སྲུང་སྐྱོང་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཨང་དང་པོར་བཞག་སྟེ་ཟོག་རོ་ཚུར་བསྡུའི་ལྟེ་གནས་བཙུགས་པ་མ་ཟད། མི་དེ་བས་མང་པོ་དེའི་ནང་ཞུགས་རྒྱུར་བསྔགས་སྐུལ་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་པ་དང་འབྲེལ་མི་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པས་འབྲི་རུ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།

    བསོད་ནམས་བདེ་ཆེན་གྱི་ཁྱིམ་ནི་དེ་སྔ་ཟླ་ཐང་ཤང་རྒྱལ་མདོ་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། ནང་མི་ལྔ་ཡོད་ལ། ཕྲུ་གུ་གཉིས་སློབ་གྲྭར་འགྲོ་མུས་ཡིན་པ་དང་དེ་མིན་ད་དུང་དབང་པོ་སྐྱོན་ཅན་གྱི་བྱིས་པ་ཞིག་ཀྱང་ཡོད་པ་རེད། ངལ་ནུས་མེད་པའི་ཁར་ཕྲུ་གུར་སྨན་རིན་མང་པོ་གཏོང་དགོས་ཀྱི་ཡོད་པས་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་ཡོད།

    འབྲི་རུ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མང་ཚོགས་རང་བརྟེན་ལས་གཏོད་བྱེད་པར་བསྔགས་སྐུལ་དང་རྒྱབ་སྐྱོར་བྱེད་པ་ཤེས་རྗེས་བསོད་ནམས་བདེ་ཆེན་ལ་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་རྒྱུའི་བསམ་བློ་འཁོར་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་འགོ་ཚུགས།

    “རྫོང་དུ་གད་སྙིགས་རིགས་དབྱེ་ཚུར་བསྡུའི་ཁེ་ལས་གཅིག་ཀྱང་མེད”པས་བསོད་ནམས་བདེ་ཆེན་ལ་ཚོང་རྒྱག་པའི་གོ་སྐབས་རྙེད་པ་དང་། ཁོང་གིས་གད་སྙིགས་ཚུར་བསྡུ་བྱས་ཚེ་ཕྱོགས་གཅིག་ནས་འབྲི་རུ་རྫོང་གྲོང་གི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ནུས་པ་ཕྲན་བུ་འདོན་ཐུབ་པ་མ་ཟད། ཕྱོགས་གཞན་ཞིག་ནས་རང་ཉིད་ལ་ཡོང་འབབ་འོས་འཚམ་རག་ཐུབ་སྙམ་ནས། ཁོང་གི་བསམ་ཚུལ་དེར་འབྲི་རུ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཐོབ་པ་རེད།

    ཀུན་དགའ་ནི་རྒྱལ་མདོ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་ཞིང་ལོ་འདི་དག་རིང་ཁོང་གིས་གྲོང་ཚོའི་དབུལ་སྒྲོལ་བྱ་གཞག་འཕེལ་རྒྱས་ལ་སེམས་ཁྲལ་བྱེད་བཞིན་ཡོད། བསོད་ནམས་བདེ་ཆེན་གྱི་ལས་གཏོད་བསམ་ཚུལ་ཤེས་རྗེས་ཁོང་གིས་རང་འགུལ་ངང་བསོད་ནམས་བདེ་ཆེན་དང་འབྲེལ་གཏུག་བྱས་ཐོག་བསོད་ནམས་བདེ་ཆེན་དང་མཉམ་དུ་ཟོག་རོ་ཚུར་བསྡུའི་ས་ཚིགས་འཛུགས་རྒྱུའི་སེམས་ཐག་བཅད་པ་རེད། དེ་ལྟར་ཁོང་གཉིས་ཀྱིས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་པ་རེད།

    ལས་གཏོད་ཀྱི་ལམ་བུ་ནི་མ་གཞི་དེ་ཉིད་དུ་ལམ་ལྷོངས་ཡོང་བ་ཞིག་མ་ཡིན་པས། བསོད་ནམས་བདེ་ཆེན་གྱི་བཟའ་ཟླས་ཁོང་གིས་དངུལ་བུན་གཡར་ནས་ཟོག་རོ་ཚུར་བསྡུའི་ས་ཚིགས་འཛུགས་རྒྱུ་ཡིན་པ་ཤེས་རྗེས་བསོད་ནམས་བདེ་ཆེན་གྱིས་འགྲེལ་བཤད་ཇི་ཙམ་བརྒྱབ་ཀྱང་ལས་ཀ་དེར་རྒྱབ་སྐྱོར་བྱས་མེད་པ་རེད། བསོད་ནམས་བདེ་ཆེན་ཐབས་ཟད་འུ་ཐུག་གི་སྐབས་སུ་ཟླ་ཐང་ཤང་སྲིད་གཞུང་གིས་མི་མངགས་ནས་ཁོང་གི་བཟའ་ཟླ་དང་གྲོས་མོལ་བྱས་ཤིང་། གྲོས་མོལ་ཐེངས་མང་བྱས་པ་བརྒྱུད་བསོད་ནམས་བདེ་ཆེན་གྱི་བཟའ་ཟླའི་བསམ་བློར་རིམ་བཞིན་འགྱུར་ལྡོག་བྱུང་ནས་མཐར་དངུལ་བུན་གཡར་ནས་ཟོག་རོ་ཚུར་བསྡུའི་ས་ཚིགས་འཛུགས་རྒྱུར་མོས་མཐུན་བྱས།

    མ་དངུལ་ཐག་གཅོད་བྱས་རྗེས་འབྲི་རུ་རྫོང་སྲིད་གཞུང་གི་རོགས་རམ་འོག་གད་སྙིགས་སྤུངས་ས་གང་མགྱོགས་གཏན་འཁེལ་ཐུབ་པ་དང་འབྲེལ་འབྲི་རུ་གློག་ཤུགས་ཀུང་སིས་སྒོར་ཁྲི་5ཡི་གད་སྙིགས་སྤུངས་སའི་གློག་རིན་གཏའ་མ་བླངས་མེད། 2019ལོའི་ཟླ་4པར་འབྲི་རུ་རྫོང་རིན་དབྱངས་ཟོག་རོ་ཚུར་བསྡུ་ས་ཚིགས་དངོས་སུ་བཙུགས་ནས་བསོད་ནམས་བདེ་ཆེན་ཡང་ཁོང་གི་ལས་གཏོད་ལམ་བུར་ཞུགས་འགོ་ཚུགས།

    ཟོག་རོ་ཚུར་བསྡུའི་ས་ཚིགས་ཡག་པོ་གཉེར་ཆེད་བསོད་ནམས་བདེ་ཆེན་གྱིས་ལས་ཀའི་དཀའ་ངལ་ལ་སྐྲག་ནས་ཕྱིར་འཐེན་བྱེད་མྱོང་མེད་པ་དང་། ཁོང་གིས་ཉིན་ལྟར་གློག་སྒུལ་འཕྲུལ་འཁོར་བཏང་ནས་འབྲི་རུ་རྫོང་གི་གྲུ་ཟུར་ཚང་མར་ཉུལ་གྱི་ཡོད་ལ། ཚོང་ཁང་དང་། ཟ་ཁང་། སྣུམ་སྣོན་ས་ཚིགས་སོགས་སུ་དབྱུག་པའི་ཤོག་སྒམ་དང་འགྱིག་དམ་སོགས་དངོས་རྫས་ལྟེབ་བརྩིགས་བརྒྱབ་ནས་གློག་སྒུལ་འཕྲུལ་འཁོར་ནང་འཇོག་གི་ཡོད་པ་དང་། དེ་ནས་ཤང་དང་གྲོང་ཚོར་ཕྱིན་ནས་འཚོ་བའི་གད་སྙིགས་དེ་གད་སྙིགས་སྤུངས་སར་དབོར་རྗེས་རིགས་དབྱེ་བྱེད་པ་དང་། ཤོག་སྒམ་དང་འགྱིག་དམ་སོགས་དངོས་རྫས་ཀྱི་གྲངས་འབོར་ངེས་ཅན་ཞིག་ཏུ་སླེབས་རྗེས་རླངས་འཁོར་ཆེན་པོས་དབོར་ནས་ནག་ཆུ་དང་ལྷ་ས་སོགས་ཕྱིར་ཚོང་ས་ཚིགས་ལ་སྐྱེལ་གྱི་ཡོད། ད་ཆ་བསོད་ནམས་བདེ་ཆེན་ལ་ཟླ་རེར་ཡོང་འབབ་སྒོར་6000ཡས་མས་ཡོད་པ་རེད།

    ཆུ་འཐུང་དུས་ཆུ་འགོ་མི་བརྗེད་པ་ལྟར“སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་མེད་ཚེ་ང་ལ་ད་ཆའི་གྲུབ་འབྲས་ཐོབ་མི་སྲིད”ཟོག་རོ་ཚུར་བསྡུའི་ས་ཚིགས་དངོས་སུ་གཉེར་འགོ་ཚུགས་ཚུན་སྔ་རྗེས་སུ་མང་ཚོགས་དབུལ་པོ་9ལ་ལས་ཞུགས་སྣེ་ཁྲིད་བྱས་པ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8ཟིན་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།