དབུ་ཤོག>ཆེད་སྒྲིག
  • པ་སྣམ་རྫོང་གྲའུ་གྲོང་གྲོང་ཚོའི་ཡུལ་མི་དབང་ཕྱུག་གིས་བརྗོད་དོན“རྩལ་ནུས་གསོ་སྦྱོང་བྱས་པས་ངའི་འཚོ་བར་འགྱུར་ལྡོག་བྱུང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-27

    “སོ་ལོ་སྔོན་པོའི་མྱུ་གུ་འདི་དག་ལ་ཆུ་རྒྱག་རན་འདུག་ལ་རྩྭ་ངན་ཡང་འཐུ་རན་འདུག”དགུན་དུས་ཀྱི་ཉིན་གུང་ཞིག་ལ་པ་སྣམ་རྫོང་ཇོ་མོ་གླང་མའི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མྱུག་སོན་དྲོད་ཁང་ཆེན་པོར་ཤ་རྩི་ཅུང་ནག་པའི་ལག་རྩལ་པ་ཞིག་གིས་རང་ཉིད་ཀྱི་འགྲམ་དུ་ཡོད་པའི་ཕོ་གསར་དེར་མཛུབ་ཁྲིད་བྱེད་བཞིན་ཡོད། ལག་རྩལ་པ་དེའི་མིང་ལ་དབང་ཕྱུག་ཟེར་བ་དང་ཁོང་གི་འགྲམ་དུ་ཡོད་པ་ནི་ཁོང་གི་བུ་བཀྲ་ཤིས་ཡོན་ཏན་རེད། ཕ་བུ་གཉིས་ནི་ཇོ་མོ་གླང་མའི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྔོ་ཚལ་འདེབས་འཛུགས་པ་ཡིན་པ་དང་གཙོ་བོ་དྲོད་ཁང་ཆེན་པོའི་སྔོ་ཚལ་གྱི་མྱུ་གུར་གཡོག་བྱེད་ཀྱི་ལས་འགན་འཁུར་བཞིན་ཡོད།

    དབང་ཕྱུག་ནི་དཔལ་རྩལ་ཤང་གྲའུ་གྲོང་གྲོང་ཚོ་ནས་ཡིན་ཞིང་། 2016ལོའི་གོང་དུ་ཁོང་ནི་ཞིང་པ་དཀྱུས་མ་ཞིག་ཡིན་པ་དང་ཕྱུག་འགྱུར་གྱི་ཐབས་ལམ་རྐྱང་པ་ཡིན་པ་དང་ཡོང་འབབ་ཉུང་བས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་རེད།

    “ཁྱིམ་གྱི་ས་ཞིང་སྦར་མཐིལ་ཙམ་དེར་གཡོག་བྱེད་ཇི་ཙམ་བྱས་ཀྱང་རང་ཁ་རང་གསོ་ཐུབ་ཙམ་ལས་མེད་པས་འཚོ་བའི་དགོས་མཁོ་དེ་བས་སྐོང་ཐབས་བྲལ”ཞེས་དབང་ཕྱུག་གིས་འུ་ཐུག་ཐབས་ཟད་ངང་བཤད།

    2017ལོར་པ་སྣམ་རྫོང་གིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཞིང་། དེའི་དམིགས་ཡུལ་ནི་ཡུལ་དེ་གའི་ཤེས་ལྡན་པ་དང་ཡུལ་དེའི་རིགས་གཅིག་མཁས་ཅན་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ནང་འདྲེན་བྱས་པའི་ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་ཡུལ་དེའི་ཤེས་ལྡན་པ་དང་ལྷག་པར་དུ་ཞིང་འབྲོག་པའི་ཚན་རྩལ་ཆེད་བསྐོས་པར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད་རེད། གནས་ཚུལ་དེ་ཐོས་རྗེས་དབང་ཕྱུག་གིས་མིང་ཐོ་བཀོད་དེ་ཉིན་བཅུ་ལྷག་ཙམ་གྱི་ཆེད་ལས་གསོ་སྦྱོང་ཁྲོད་ཕན་པ་མི་དམན་པ་ཐོབ།

    2017ལོའི་ལོ་མཇུག་ཏུ་དབང་ཕྱུག་ཇོ་མོ་གླང་མའི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འདེབས་འཛུགས་པ་ཞིག་ཏུ་གྱུར་བ་དང་ལས་དོན་ཁྲོད་གཞུང་དྲང་བབ་ཆགས་ཀྱི་དབང་ཕྱུག་གིས་ལག་རྩལ་པ་རྒན་གྲས་ལ་ཁེངས་སྐྱུང་ངང་འདྲི་བཞིན་དུ་ངལ་གསོའི་དུས་ཚོད་སྤྱད་དེ་འདེབས་འཛུགས་ལག་རྩལ་ཞིབ་འཇུག་བྱས། དེ་ལྟར་མགྱོགས་མྱུར་ཁོང་ཀུང་སིའི་སྔོ་ཚལ་འདེབས་འཛུགས་ལག་རྩལ་རྐང་འཛིན་པར་གྱུར་པ་དང་ཟླ་རེར་གླ་ཆ་སྒོར་4500ཡོད།

    “མི་ཞིག་ལ་སློབ་ཐོན་ལག་ཁྱེར་མེད་ཆོག་མོད། འོན་ཀྱང་ཤེས་ཡོན་མེད་ཚེ་གཏན་ནས་མི་འགྲིག”ཅེས་པ་དེ་ནི་དབང་ཕྱུག་གི་སྲུང་བྱའི་གདམས་ངག་ལྟ་བུ་རེད། རྣམ་ཀུན་དབང་ཕྱུག་གིས་ལས་ཞོར་ཁོམ་པ་ཡོད་ཚད་འདེབས་འཛུགས་ལག་རྩལ་ལ་བརྩོན་ཞིབ་བྱེད་པའི་ཐད་སྤྱོད་པ་དང་ཉམས་མྱོང་ལྡན་པའི་ལག་རྩལ་པ་རྒན་གྲས་ལ་སྐད་ཆ་འདྲི་བ་ཕུད་ཁོང་གིས་ད་དུང་འདེབས་འཛུགས་ཚན་རྩལ་ཐད་ཀྱི་དཔེ་དེབ་དང་བརྙན་པར་དཔྱད་གཞི་མང་དག་ཅིག་འཚོལ་བསྡུ་བྱས་ཏེ་ཁོམ་པ་བྱུང་ཚེ་ལག་ལེན་བསྟར་གྱི་ཡོད།

    འབད་བརྩོན་ལྷོད་མེད་བྱས་མཐར་དབང་ཕྱུག་གིས་རྩལ་ནུས་མང་དག་ཅིག་ཁོང་དུ་ཆུད་པ་སྟེ། འདེབས་འཛུགས་པ་གཞན་དག་གིས་ངོ་སྤྲོད་མདོར་བསྡུས་བྱས་པ་ཉན་རྗེས་གང་དུ་འདེབས་འཛུགས་ཀྱི་གནད་དོན་ལྷག་པ་རགས་ཙམ་ཤེས་ཀྱི་ཡོད། སྔོ་ཚལ་འདེབས་འཛུགས་ལག་རྩལ་ལ་བརྩོན་ཞིབ་ཧུར་ཐག་བྱས་པར་བརྟེན་དབང་ཕྱུག་ཀུང་སིའི་གོ་ཆོད་ཤེས་ལྡན་པར་གྱུར། ལས་འགན་ཁུར་ནས་ལོ་བཞི་སོང་རིང་དབང་ཕྱུག་གིས་གཟེངས་སུ་ཐོན་པའི་ལས་ཀའི་འཇོན་ཐང་དང་ལས་བཟོའི་དབར་འཆམ་མཐུན་མཉམ་གནས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་གཤིས་རྒྱུད་བཟང་པོ། སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་ལ་བརྟེན་ནས་ཀུང་སིའི་འགོ་ཁྲིད་དང་ལས་རོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ།

    2019ལོར་དབང་ཕྱུག་གི་སྐུལ་ལྕག་དང་རྒྱབ་སྐྱོར་འོག་བུ་བཀྲ་ཤིས་ཡོན་ཏན་ཡང་ཀུང་སིའི་སྔོ་ཚལ་འདེབས་འཛུགས་མི་སྣར་གྱུར་བ་དང་ཕའི་སྣེ་ཁྲིད་དང་ངང་རྒྱུད་རིང་པོས་མཛུབ་ཁྲིད་བྱས་པའི་འོག་ཁོང་ཡང་རིམ་བཞིན་ཀུང་སིའི་འདེབས་འཛུགས་རྐང་འཛིན་པར་གྱུར། “འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པ་ནས་བཟུང་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་སོང་སྙམ་གྱི་འདུག་ལ་རང་ཉིད་ཀྱིས་འབད་བརྩོན་དང་སྙིང་རུས་བྱས་ཚེ་མ་འོངས་པར་འཚོ་བ་དེ་བས་ཡག་ཏུ་འགྲོ་སྲིད”ཅེས་བཀྲ་ཤིས་ཡོན་ཏན་གྱིས་གསར་འགོད་པར་བཤད།

    ད་ཆ་དབང་ཕྱུག་དང་བུའི་ཟླ་རེའི་ཡོང་འབབ་བསྡོམས་སྒོར་ཁྲི་1.3ཡོད་པ་དང་ནང་མི་ཚང་མ་སྔ་ས་ནས་དབུལ་སྒྲོལ་ཐུབ་སྟེ་བདེ་སྐྱིད་འབྱོར་ཕྱུག་གི་འཚོ་བ་སྐྱེལ་བཞིན་མཆིས།

    གོམ་སྟབས་རྗེས་མར་ང་ཚོས་ཡུག་སྦྲེལ་འགན་གཙང་སོགས་ཀྱི་བྱེད་ཐབས་བརྒྱུད་ཁེ་ལས་ཀྱིས་ཆེད་ལས་མཉམ་ལས་རྩ་འཛུགས་དང་མང་ཚོགས་ཀྱི་ཚན་རྩལ་ཞབས་ཞུའི་འགན་ཁུར་ནས་དབང་ཕྱུག་དང་འདྲ་བའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་ཇོ་མོ་གླང་མའི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་པ་སངས་དོན་གྲུབ་ཀྱིས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།