དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས་ཞིང་འབྲོག་ཁུལ་གྱི་སྡོད་ཁང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-24

    ཉེ་ཆར་གསར་འགོད་པར་ལྗོངས་ཡོངས་ཀྱི་གྲོང་གསེབ་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྒྲིག་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཞིང་འབྲོག་ཁུལ་གྱི་སྡོད་ཁང་བདེ་འཇགས་ཀྱི་མངོན་མེད་རྐྱེན་དུས་ཐོག་ཏུ་བསལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་ཁྱབ་ཁོངས་ནང་གི་སྡོད་ཁང་ཚང་མར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྒྲིག་ལས་དོན་སྤེལ་ཏེ། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་དང་གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི”ལས་དོན་གྱི་ལམ་སྲོལ་གཞིར་བཟུང་། རང་ལྗོངས་ཀྱིས་ཟླ་12པའི་ཟླ་མཇུག་གོང་དུ་ཚོང་གཉེར་ཐད་སྤྱོད་པའི་ཞིང་འབྲོག་ཁུལ་གྱི་བོགས་གཏོང་ཁང་པ་དང་། ཞིང་ཁྱིམ་སྤྲོ་སྐྱིད་ཁང་། ཇ་ཁང་། བཟའ་བཏུང་ཁང་སོགས་རང་སྐྲུན་ཁང་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་ལས་འགན་ལེགས་འགྲུབ་ཐུབ་པ་བྱ་རྒྱུ་རེད། དེས་ན་གྲོང་ཁྱེར་ཁག་དང་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གོམ་སྟབས་གཅིག་མཚུངས་ཀྱིས་མི་སྣ་འདུ་འཛོམས་ཆེ་བའི་ཞིང་འབྲོག་ཁུལ་གྱི་སྤྱི་པའི་སྡོད་ཁང་གི་མངོན་མེད་རྐྱེན་ངན་ལེབ་བཤེར་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྒྲིག་ལས་དོན་དེ་འཆར་གཞི་ལྟར་ན་2021ལོའི་ཟླ་དང་པོ་ནས་2023ལོའི་ཟླ་12བར་ཕྱོགས་ཡོངས་ནས་བཅོས་སྒྲིག་དུས་མཚམས་སུ་སླེབས་པར་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་ཚོང་གཉེར་ཐད་སྤྱོད་པའི་ཞིང་འབྲོག་ཁུལ་གྱི་རང་སྐྲུན་ཁང་པར་དུས་ཐོག་ཏུ་ཆེད་ལས་མི་སྣ་སྒྲིག་འཛུགས་ཀྱིས་ཁང་པའི་བདེ་འཇགས་ཐད་ཚོད་སྐོར་བྱ་རྒྱུའམ་ཡང་ན《གྲོང་གསེབ་སྡོད་ཁང་གི་བདེ་འཇགས་རང་བཞིན་ཆོད་སྡོམ་གྱི་ལག་རྩལ་མཛུབ་སྟོན》གཞིར་བཟུང་ཁང་པའི་བདེ་འཇགས་རང་བཞིན་ཆོད་སྡོམ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་བཅོས་སྒྲིག་གི་བྱེད་ཐབས་དང་དུས་ཚད་ཁ་གསལ་བཟོས་ཏེ། བཅོས་སྒྲིག་ལེཌ་འགྲུབ་མ་བྱུང་གོང་ཚང་མ་ཚོང་གཉེར་བྱེད་མཚམས་བཞག་ནས་བདེ་འཇཌ་ཀྱི་མངོན་མེད་རྐྱེན་ངན་གཙང་སེལ་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།