དབུ་ཤོག>ཆེད་སྒྲིག
  • ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-23

    ཀླུ་ནང་མཐའ་ཡས་ནགས་ཚལ་སྟུག་པོའི་ས་མཐོའི་འབྲོག་རར་ཞིང་འབྲོག་པ་ཚོས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འབབ་འཕར་བྱུང་བ་རེད། འབྲོག་རའི་ཉེ་འགྲམ་གྱི་འབྲོག་པ་སྤེན་པས། ལོ་འདི་དག་རིང་ཡུལ་སྐོར་འཕེལ་རྒྱས་ཡག་པོ་བྱུང་སྟེ། གྲོང་ཚོའི་ནང་གི་རྟ་པའི་རུ་ཁག་དང་བི་ཤུའི་རྣམ་གྲངས་ནང་ཡུལ་སྐོར་བ་ཞུགས་མང་བའི་དུས་སུ་ཉིན་རེར་ཡོང་འབབ་སྒོར་ཁྲི་3ཙམ་རག་གི་འདུག 2019ལོར་ཁོང་ཚོའི་ཁྱིམ་ལ་ཡུལ་སྐོར་གྱི་ཁེ་སྤོགས་སྒོར་ཁྲི་8ཙམ་ལེན་རྒྱུ་བྱུང་ཞེས་བཤད།

    རྡོ་རྗེ་སྒྲོལ་མ་ནི་སྤོ་བོ་རྫོང་རྡོ་རྗེ་ཤང་མདའ་རྟ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། ཁྱིམ་དུ་ནང་མི་དགུ་ཡོད་པ་དང་། ཨ་མ་ལོ་ན་བགྲེས་ལ་ནད་མང་བ། ཕྲུ་གུ་བཞི་ཡོད་པ་ནར་སོན་མེད་སྟབས་ཁོང་གིས་ཁྱིམ་དུ་ནང་མིར་ལྟ་རྟོག་བྱེད་དགོས་པས་བཟའ་ཟླས་ཨར་པོ་རྒྱུག་པར་ཕྱིན་པའི་གླ་ཆ་ཁོ་ནར་བརྟེན་རྒྱུ་ལས་ཐབས་གཞན་མེད། བཟའ་ཚོ་གཉིས་པོ་དཀའ་སྤྱད་སྙིང་རུས་ཆེ་ལ་ཕྱུག་པོ་ཆགས་འདོད་ཀྱི་འདུན་པ་དྲག་པོ་ཡོད་རུང་། མ་དངུལ་གྱི་ཡོང་ཁུངས་མེད་པས་ཁྱིམ་ཚང་གི་འཚོ་བ་ཧ་ཅང་ཁ་ཐང་པོ་ཡོད།

    ཁོང་ཚོས་འཚོ་ཐབས་ལ་སེམས་ཁྲལ་བྱེད་པའི་དུས་སུ་ཞིང་ལས་དངུལ་ཁང་རྡོ་རྗེ་ཤང་ལས་གཉེར་ཁང་གིས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་བྱས་པ་དང་སྦྲགས། “གཏའ་མ་དང་ཁག་ཐེག་མི་དགོས་པར་དུས་བཀག་ལོ་གསུམ་ལ་དངུལ་བུན་སྒོར་ཁྲི་ལྔ་གཏོང་བ་མ་ཟད། སྐྱེད་ཚད་ཀྱང་1.08%ལས་ལེན་རྒྱུ་མེད་པའི”དངུལ་རྩའི་གནད་སྨིན་དབུལ་སྐྱོར་དངུལ་དབུན་ལག་འཁྱེར་སྤྲད། རྡོ་རྗེ་སྒྲོལ་མས་འཛུམ་དམུལ་དམུལ་ངང“བསམ་ཡུལ་ལས་འདས་པར་ངས་ཀྱང་དངུལ་བུན་རེ་ཞུ་ཆོག་གི་འདུག དེ་ནི་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ་རང་རེད་འདུག”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ་དམངས་རྣམས་བདེ་ལ་འགོད་པ་དང་། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ། ལས་ཞུགས་དབུལ་སྐྱོར་ལ་དམིགས་པ། སྲ་བརྟན་དང་མཐོར་གཏོང་ལ་དམ་འཛིན་བྱེད་པ། སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ལ་རམ་འདེགས་བཅས་བྱས་པས་ཕན་འབྲས་བཟང་པོ་རབ་དང་རིམ་པ་ཐོན་ཡོད་པ་རེད།

    རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་ཡག་པོ་བྱས་པས་འཚོ་བའི་སྤུས་ཚད་ལེཌ་སུ་ཕྱིན་པ།

    “སྔོན་ཆད་གྲོང་ཚོ་ད་ཆ་ནང་བཞིན་གཙང་ལ་གྲལ་འགྲིག་པོ་མེད་པར། བཙོག་ལ་ཟང་ཟིང་ཆེ་བ་དང་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་འཆང་མཁན་གྱི་གྲོང་མི་ཡང་མང་པོ་ཡོད”སྨན་གླིང་རྫོང་བམ་གྲོང་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་དེ་ལྟར་བཤད། དེར་བརྟེན་བམ་གྲོང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ཀྲི་པུའུ་ཡིས་ཏང་ཡོན་དང་འབྲེལ་གཏུག་དང་། ཏང་ཡོན་གྱིས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི”གཉིས་འབྲེལ་མཉམ་སྤེལ་གྱི་དོ་དམ་ཞབས་ཞུའི་ལས་དོན་ལ་བརྟེན་ནས་གྲོང་ཚོའི་ལས་དོན་ལ་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    ད་ཆ་བམ་གྲོང་གྲོང་ཚོའི་ཁྱིམ་ཚང་ཚང་མ་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་སྟེ། སྨན་གླིང་རྫོང་གི་མི་དང་སྒོ་ཕྱུགས་ལོགས་སུ་སྡོད་པའི་གྲོང་ཚོ་ཨང་དང་པོའི་གྲས་སུ་གྱུར་ཡོད། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཁག་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཆུ་དང་གློག་དུད་ཚང་དུ་ཤར་གཏོང་ཐུབ་པ། ལུས་སྦྱོང་ཡོ་ཆས་ཀྱང་སྒྲིག་སྦྱོར་བྱས་ཡོད་པ། ད་དུང་སྤྱི་ལེ་ལྔ་ཙམ་ཟིན་པའི་གྲོང་ཚོ་རིམ་པའི་གཞུང་ལམ་བཟོས་པ། མི་སེར་གྱི་ཁྱིམ་དུའང་དྲ་རྒྱ་ཁྲིད་པ། གྲོང་ཚོར་སྨན་པ་གསུམ་བཀོད་སྒྲིག་བྱས་ནས་ནད་གཞི་ཆུང་ངུ་གྲོང་ཚོ་ནས་མི་ཐོན་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ་གྲོང་མིའི་བདེ་ཐང་ལ་འགན་སྲུང་ཐུབ་པ། གྲོང་ཚོ་ཧྲིལ་པོའི་སློབ་ལོ་ལོན་པའི་བྱིས་པ་30ལྷག་ཙམ་ཚང་མ་རྡོ་མཁར་ལྟེ་བའི་ཆ་ཚང་སློབ་ཆུང་འགྲིམ་པ་དང་། སློབ་གྲྭར་ཞུགས་ཚད་100%ཟིན་ཡོད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་རྨང་གཞི་ཡིན། ཉིང་ཁྲི་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཡན་ཤིན་ཧང་གིས། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་མི་འབོར་ལ་ཁྱབ་ཚད་100%དང་། གློག་ཤར་གཏོང་ཐུབ་ཚད་100% ཤང་དང་གྲོང་རྡལ་དུ་སྒུལ་བདེའི་བརྡ་རྟགས་ཁྱབ་ཚད་100% འོད་སྐུད་ཁྲིད་ཚད་96% སྲིད་འཛིན་གྲོང་ཚོར་དྲ་རྒྱ་ཁྱབ་ཚད་100%བཅས་ཟིན་པ་དང་། སྦྲག་སྲིད་ཞབས་ཞུ་ཡང་ཀུན་ལ་ཁྱབ་ཡོད།

    ལས་ཞུགས་དབུལ་སྐྱོར་ལ་དམིགས་ནས་སྲ་བརྟན་དང་མཐོར་གཏོང་ལ་དམ་འཛིན་བྱས་པ།

    “ཕག་གསོ་ར་བར་ཕག་པ་གསོ་བར་དཀའ་ལས་ཆེ་ཙམ་ཡོད་པ་དང་། དེ་ནི་ང་ཚོའི་ཁྱིམ་དང་དུད་ཚང་གཞན་དག་19ཡི་ལྟོ་གོས་དང་འབྲེལ་བ་ཡོད་པའི་བྱ་བ་རེད། ཁོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་རྒྱུའི་ཡིད་ཆེས་ང་ལ་ཡོད”ཅེས་ཨ་ཕམ་གྱིས་ཕག་གསོ་ར་བར་མཛུབ་མོ་འཛུགས་བཞིན་དེ་ལྟར་བཤད། ཨ་ཕམ་ནི་ཕྱུག་འགྱུར་སྣེ་འཁྲིད་པ་ཡིན་པ་མ་ཟད། སྤྱི་གཏོང་གྲོང་ཚོའི་ཀྲུའུ་རེན་ཡང་ཡིན། ཁོང་རང་ཉིད་ཀྱིས་ཕག་གསོ་ར་བ་གཉེར་ཡང་སྔ་བར་ཕྱི་གསུམ་དུ་རང་ཉིད་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་བློ་ལ་བརྟན་པོར་བཅངས་ནས་རང་ཉིད་ཕྱུག་པོ་ཆགས་ཀྱང་ཡུལ་མི་སྤུན་ཟླ་ཚོ་བརྗེད་མེད། ཁོང་གིས་ཕག་གསོ་ར་བ་དེ་མཉམ་ལས་ཁང་དང་དུད་ཚང་དབུལ་པོ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་དུད་ཚང་དབུལ་པོ་ནས་ལས་ཀ་བྱེད་མཁན་སྐོང་བ་དང་ད་དུང་ཁོང་ཚོར་ཕག་པ་གསོ་སྟངས་བསླབས་པ་དང་སྦྲགས། དུད་ཚང་དབུལ་པོར་མ་རྐང་གཞིར་བཟུང་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཕག་གསོ་ར་བས་སྤྱི་གཏོང་གྲོང་ཚོའི་དུད་ཚང་དབུལ་པོར་ལོ་རེར་འབབ་འཕར་སྒོར་5000ཡོང་རྒྱུའི་སྐུལ་ཁྲིད་ཐུབ་པ་དང་། ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་སྒོར་3000ཙམ་གྱི་ཁ་གསབ་སྤྲོད་ཀྱི་ཡོད་པས། གྲོང་ཚོ་ཧྲིལ་པོའི་རྒྱུན་མཐུད་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད།

    དེ་དང་དུས་མཚུངས་ཕན་འབྲས་དང་གོ་ཆོད་མངོན་གསལ་དོད་པོ་ཡོང་བའི་རྩ་དོན་གཞིར་བཟུང་། བཟའ་བཏུང་ཞབས་ཞུ་དང་འཕྲུལ་ཆས་བཀོད་སྤྱོད་སོགས་མང་ཚོགས་དབུལ་པོ་ཞུགས་ཚད་མང་བའི་ལས་ཞུགས་ལས་གཏོད་ཀྱི་ལས་རིགས་ལ་དམིགས་ནས“གསོ་སྦྱོང་གཤམ་སྤེལ”བྱེད་སྒོ་སྤེལ་བས་མང་ཚོགས་དབུལ་པོ་ལས་ཞུགས་ལས་གཏོད་ཀྱི་ནུས་པ་འགན་ལེན་བྱ་རྒྱུར་སྔར་བས་གནད་སྨིན་རིམ་སྤོར་ཐུབ་ཡོད།

    སྣོད་བཅུད་ཡུལ་སྐོར་གྱིས་གནད་སྨིན་དབུལ་སྒྲོལ་ལ་རམ་འདེགས་བྱས་པ།

    ཉིང་ཁྲིར་ས་བབ་དམའ་བ་དང་ནགས་ཚལ་ཁྱབ་ཁྱོན་ཆེན་པོ་ཡོད། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ་དང་གནམ་ལྕགས་འབར་བ་སོཌ་ཚང་མ་ནི་ཉིང་ཁྲི་དང་ཐ་ན་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཡག་ཤོས་གྲས་ཡིན་ལ། ཉིང་ཁྲིའི་ཡུལ་སྐོར་སྤུས་རྟགས་དེ་བས་ཡིན།

    ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་འདིང་སྐབས། སྣོད་བཅུད་ཡུལ་སྐོར་ལས་རིགས་ཀ་རྟེན་ཐོན་ལས་ནང་བཅུག་སྟེ་འཕེལ་རྒྱས་བཏང་ནས། སྲིད་ཇུས་བྱ་ཐབས་དང་། འགོ་ཁྲིད་བྱེད་ནུས། མཐུན་སྦྱོར་ལམ་སྲོལ། མི་རྒྱུ་དངོས་གསུམ་སོགས་ཐད་ནས་དེར་གཟིགས་སྐྱོང་བྱས་ཡོད། ཞིབ་ཕྲའི་ལས་དོན་སྤེལ་རིང་། འབྲེལ་ཡོད་སྡེ་ཚན་གྱིས“གདན་དྲངས་བ་དང་། ཐབས་ཤེས་འདོན་པ། ཕྱིར་སྐྱོད་པ། ཕྱིར་ཚོང”སོགས་ཀྱི་བྱ་ཐབས་སྤྱད་ནས་འགྲུལ་ཁུངས་ཁྲོམ་ར་སྐྱེད་སྲིང་བྱས་པ་དང་། ཡུལ་སྐོར་རིག་གནས་དུས་ཆེན་སྣ་ཚོགས་གཉེར་ནས་ཡུལ་སྐོར་ཁྲོམ་ར་སྐྱེད་སྲིང་བྱས་པ། ཐོན་ལས་གཞི་ཁྱོན་རིམ་བཞིན་རྒྱ་ཆེར་གཏོང་བ་དང་འཕེལ་རྒྱས་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བས“བཟའ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་ཚོང་། རོལ་རྩེད་བཅས་རྒྱུ་རྐྱེན་ཆེན་པོ་དྲུག”ཕན་ཚུན་ཟུང་འབྲེལ་གྱི་ཐོན་ལས་མ་ལག་རག་ཙམ་ཆགས་ཏེ། སྣོད་བཅུད་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་ཀྱི་གནས་བབ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    “2019ལོར་ང་ཚོའི་ཁྱིམ་ཚང་མགྲོན་ཁང་ལ་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་རག་བྱུང་། ད་དུང་ལོ་ལྟར་ནགས་ཁྲོད་ནས་བེ་ཤ་སོགས་བཏུས་པར་སྒོར་5000ཙམ་རག་གི་འདུག”ཅེས་ལྷོ་པ་རིགས་ཀྱི་ཕོ་གཞོན་ཡ་ཤར་གྱིས་གདེང་ཚོད་ཡོད་པའི་སྒོ་ནས་རང་ཁྱིམ་གྱི་ཡོང་འབབ་ལ་ཁོག་རྩིས་བརྒྱབ་སོང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།