དབུ་ཤོག>ཆེད་སྒྲིག
  • “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-22

    796573_yis_1608523149086_s.jpg

    འདི་ནི་རྒྱ་ཚ་རྫོང་མུ་རྭ་པ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་ཡིན་པ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་འདི་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་མཛད་ཇུས་མཐའ་འཁྱོངས་དང་། “རིམ་བཞིའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན”དང་ཏང་སྲིད་ཀྱི“འགོ་ཁྲིད་ཨང་དང་པོས”སྤྱི་ཡོངས་ཀྱི་འགན་འཁྲི་འཁུར་བའི་ལམ་སྲོལ་མཐའ་འཁྱོངས། “དམིགས་པ་བརྒྱད”ལ་དམ་པོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཅས་བཏང་སྟེ། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་བ་རེད།

    གནད་སྨིན་ལ་དམིགས་ནས་འགག་སྒྲོལ་དཀའ་སེལ་ཧུར་ཐག་བྱས་པ།

    ལོ་ལྔའི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་དང་། བྱེད་པོའི་འགན་འཁྲི། ལྟ་སྐུལ་གྱི་འགན་འཁྲི་བཅས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ས་ཁུལ་རིམ་པའི་ལས་བྱེད་པས་རྫོང་འགན་གཙང་ལེན་པ་དང་། རྫོང་རིམ་པའི་ལས་བྱེད་པས་ཤང་འགན་གཙང་ལེན་པ། ཤང(གྲོང་རྡལ)ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པ། གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་གྱིས་དུད་ཚང་དབུལ་པོ་འགན་གཙང་ལེན་པ་བཅས་ཀྱི་འགན་འཁྲིའི་མ་ལག་བཙུགས་པ་རེད། དེ་དང་དུས་མཚུངས་རིམ་ཁག་ལས་བྱེད་པས་རང་འགུལ་ངང་འགན་འཁྲི་དང་དུ་བླངས་ནས་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་སྟར་ཆགས་བཞིན་དམ་འཛིན་བྱེད་པའི་འགན་འཁྲིའི་མ་ལག་བསྐྲུན་པ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་ལ་དམིགས་ནས་རྣག་ཐོག་བཙག་འཁེལ་ཡོང་བ་བྱས་ཏེ་གནད་སྨིན་དབྱེ་འབྱེད་དང་གནད་སྨིན་ཕྱིར་འཐེན་ཡོང་བ་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་དེའི་གནད་སྨིན་དབྱེ་འབྱེད་བྱས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་19191གི་མི་57844ཚང་མ་དབུལ་སྒྲོལ་བྱུང་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། གྲོང་ཁྱེར་དེས་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་272.32བཏང་ནས། “མཐོར་གཏོང་བཅུའི་ལས་གྲྭའི”རྣམ་གྲངས་253ལག་ལེན་བསྟར་བས་གྲོང་གསེབ་ཀྱི་གཞུང་ལམ་དང་ཞིང་ནང་ཆུ་བེད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྡོད་མལ་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད། མིག་སྔར་གྲོང་ཁྱེར་དེའི་རྫོང(ཆུས)12ཚང་མར་གློག་དྲ་གཙོ་བོ་ནས་གློག་མཁོ་འདོན་ཐུབ་པ་དང་། སྲིད་འཛིན་གྲོང་ཚོར་སྦྲག་ལམ་ཤར་གཏོང་ཐུབ་ཚད་དང་། ཁ་པར་ཤར་གཏོང་ཐུབ་ཚད་དང་། དྲ་སྦྲེལ་ཐུབ་ཚད་བཅས་ཚང་མ་100%ཟིན་ཡོད།

    སྡོད་ཁང་སྐྱོ་པོ་ནས་སྤོས་པས་དབུལ་པོ་རེས་བསྐོར་བསྐྱར་ལོག་ལས་གཡོལ་ཐུབ་པ་བྱུང་བ།

    རྒྱ་ཚ་རྫོང་གླིང་མདའ་ཤང་ཀུན་ཁམས་གྲོང་ཚོའི་མིང་གཞན་ལ་མུ་རྭ་པ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་ཟེར། ད་ཆ་གནས་སྤོས་མང་ཚོགས་ཚོས་འདི་ནས“དབུལ་སྒྲོལ་གྱི་ཕུགས་འདུན”གྲུབ་སྟེ། འབྱོར་འབྲིང་ལམ་དུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་མཆིས།

    གནམ་གཤིས་དང་ས་ཁམས་གནས་སྟངས་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་དབང་གིས་ལྷོ་ཁ་གྲོང་ཁྱེར་གྱི་ས་ཆ་ཁག་གཅིག་ལ་ཡུལ་ཕྱོགས་ཤིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་མི་ཐུབ་པའི་སྣང་ཚུལ་གནས་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱིས་དཀའ་གནད་དེ་བསལ་ཡོད།

    ཀུན་ཁམས་གྲོང་ཚོའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སྐར་མ་དོན་གྲུབ་སྔོན་ཆད་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་རྒྱ་ཚ་རྫོང་ལོག་གླེན་ཤང་གློན་སྨད་གྲོང་ཚོ་ནས་ཡིན་པ་དང་། དེ་གར་རི་མཐོ་ལ་ལམ་ཐག་རིང་བ་དང་འགྲོ་ལམ་སྟབས་བདེ་མེད་པའི་ཁར། འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པས། ཕྱི་ཕྱོགས་སུ་ཡོང་འབབ་གསོག་པར་འགྲོ་བའི་གོ་སྐབས་ཧ་ཅང་ཉུང་བར་བརྟེན་འཚོ་བར་དཀའ་ངལ་ཆེན་པོ་ཡོད།

    སྐར་མ་དོན་གྲུབ་ལ་སྡོད་ཁང་སྐྱོ་ཁུལ་ནས་སྤོ་དགོས་པའི་ཁ་ཏ་བསླབ་བྱ་བྱ་ཆེད། ལོག་གླེན་ཤང་གི་ལས་དོན་མི་སྣས་ཁོང་ལ་སྲིད་ཇུས་ཤོད་པ་དང་ཐབས་ཇུས་འདོན་རོགས་བྱས་པས། མཐར་ཁོང་གིས་དེ་སྔའི་སྡོད་ས་ནས་སྤོ་རྒྱུའི་ཐག་བཅད་པ་རེད།

    2017ལོའི་ཟླ་བཅུ་གཉིས་པར་ཀུན་ཁམས་གྲོང་ཚོར་སྤོས་རྗེས་ས་གནས་དེ་གས་སྒྲིག་འཛུགས་བྱས་པའི་རྩལ་ནུས་གསོ་སྦྱོང་ལ་ཞུགས་པ་བརྒྱུད། སྐར་མ་དོན་གྲུབ་ལ་རྒྱ་ཟས་མ་བྱན་གྱི་ལས་རིགས་འོས་བབ་ལག་ཁྱེར་དང་། ལས་གཏོད་གསོ་སྦྱོང་ཚད་ལོན་ལག་ཁྱེར། འདོན་འཇུག་འཕྲུལ་འཁོར་གཏོང་ཆོག་པའི་ལག་ཁྱེར་རག་པ་དང་། དེ་རྗེས་ཁོང་གིས་འདོན་འཇུག་འཕྲུལ་འཁོར་ཉོས་པས་ཁྱིམ་ལ་འབབ་འཕར་བྱུང་ནས་དབུལ་པོའི་གནས་ལས་བསྒྲལ་བ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་རྩེད་ཐང་གྲོང་ཁུལ་དང་། རྒྱ་ཚའི་མུ་རྭ་པ། ཟངས་རིའི་འགྲུལ་ཐང་། གྲ་ནང་གི་བསམ་ཡས་བཅས་གྲོང་ཁྱེར་རིམ་པའི་ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་4དང་། རྫོང་རིམ་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་ས་ཚིགས་24 ཁ་ཐོར་བཀོད་སྒྲིག་ས་ཚིགས་5བཅས་བསྐྲུན་པས། སྐར་མ་དོན་གྲུབ་དང་འདྲ་བའི་མང་ཚོགས་དབུལ་པོ་8124ཡུལ་གཞན་དུ་གནས་སྤོ་ཐུབ་ཡོད།

    ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་གྱི་རྨང་གཞི་བརྟན་དུ་བཏང་བ།

    “གཅིག་རེ་ལྔའི”གྲས་ཀྱི“ཐོན་ལས་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཡོང་བ”བྱེད་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་སྲིད་ཇུས་འཐུས་ཚང་དོན་འཁྱོལ་དང་། ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ལྷོད་མེད། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཛུགས་པ། འཕེལ་རྒྱས་ཀྱི་མ་དངུལ་འགན་ལེན་ལ་ཤུགས་རྒྱག་པ་སོགས་བྱས་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཡོང་བར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཁག་ཁྱོན་217ལག་ལེན་བསྟར་བའི་ནང་ནས་206སྐྲུན་ཟིན་ཏེ་མི་ཁྲི་2.8ལྷག་ཙམ་ལ་ཕན་པ་ཐོབ་པ་དང་མི་16850ཐོན་ལས་དབུལ་སྒྲོལ་བྱུང་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། གྲོང་ཁྱེར་དེས་བསྡོམས་མ་དངུལ་སྒོར་དུང་ཕྱུར་44.8བཏང་སྟེ་རིགས་ཆེ་གྲས་དྲུག་གི་ཐོན་ལས་རྣམ་གྲངས་217འཆར་འགོད་བྱས་ནས་ལག་ལེན་བསྟར་བར་མི་ཁྲི་2.8ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་དང་མི་16850དབུལ་སྒྲོལ་བྱེད་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

    གཞན་ཡང་། ཐོན་ལས་རྣམ་གྲངས་འཕེལ་རྒྱས་བཏང་བ་དང་དུས་མཚུངས། ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་ལས་གནས་གསར་གཏོད་དང་། དབུལ་སྐྱོར་ལས་མིའི་མཉམ་འབྲེལ་རུ་ཁག་བཙུགས་པ། ངལ་ནུས་ཕྱིར་གཏོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་དབུལ་པོ་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། གྲོང་ཁྱེར་དེས་ཞིང་འབྲོག་པ་ལས་མིའི་མཉམ་འབྲེལ་རུ་ཁག་432བཙུགས་པར་མི་32201ངལ་ནུས་གཞན་སྒྱུར་ལ་སྐུལ་ཁྲིད་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་3.7བྱུང་ཡོད།

    སློབ་གསོར་ཤུགས་སྣོན་བརྒྱབ་ནས་དབུལ་ཕོངས་ཀྱི་འབྱུང་རྩ་མེད་པར་བཟོས་པ།

    དབུལ་པོ་བཅོས་སྐྱོང་བྱེད་པར་སྔོན་ལ་ཡིག་རྨོངས་སེལ་དགོས་པ་དང་། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོ་དབུལ་སྐྱོར་གྱི་ལས་དོན་ལ་མཐོང་ཆེན་བྱས་པ་དང་། མིག་སྔར་གྲོང་ཁྱེར་དེའི་རིམ་པ་དེ་གའི་ནོར་སྲིད་ནས་ལོ་ལྟར་སློབ་གསོའི་ཐད་མ་དངུལ་བསྡུར་གྲངས་25%གཏོང་བ་དང་བོད་སྐྱོར་མ་དངུལ་ནས་སློབ་གསོའི་ཐད་མ་དངུལ་བསྡུར་གྲངས་30%གཏོང་གི་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། གྲོང་ཁྱེར་དེས་ཡིག་ཚགས་དང་གཱ་བཟོས་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་སློབ་གྲྭ་ཆེ་མོ་བར་སློབ་གསོའི་ཁ་གསབ་རོགས་དངུལ་སྒོར་ཁྲི་8240.6892སྤྲད་པ་དང་། ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་མི་ཐེངས་36049ལ་རོགས་དངུལ་སྒོར་ཁྲི་26934.95སྤྲད་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། གྲོང་ཁྱེར་དེས་རིམ་རྩིས་བྱས་ན་དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲོག་འགྲེལ་ཐེངས་ཁྲི་14.9བྱས་པ་དང་མཚན་སློབ་དུས་ཐེངས་5200གཉེར་བར་བསྡོམས་མི་ཐེངས་ཁྲི་870ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། རིམ་རྩིས་བྱས་ན་གསོ་སྦྱོང་ལ་མ་དངུལ་སྒོར་ཁྲི་3472.99བཏང་བ་དང་། “མི་ཁྲིར་རྩལ་ནུས་གསོ་སྦྱོང་བྱེད་པའི”འདུ་འགོད་ལག་ལེན་བསྟར་ནས་དུད་ཚང་དབུལ་པོའི་ངལ་རྩོལ་པ་མི་ཐེངས་16420ལ་གསོ་སྦྱོང་བྱས་ཡོད།

    དམངས་འཚོ་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་བ།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་18ཙམ་བཏང་ནས། ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་སྣོད་བཅུད་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཁག་30དང་འབྲས་ཤིང་གླིང་སོགས་མུའུ་ཁྲི་4ཟིན་པ་ལག་ལེན་བསྟར་བ་དང་། ཤིང་འཛུགས་ནགས་གསོ་མུའུ་ཁྲི་4.5དང་བྱེ་འགོག་བྱེ་བཅོས་མུའུ་ཁྲི་40ལེགས་གྲུབ་བྱུང་བ། མུའུ་ཁྲིའི་སྡོང་ཕྲུག་རྟེན་གཞི་དང་། མུའུ་སྟོང་གི་དཔལ་འབྱོར་འབྲས་ཤིང་རྟེན་གཞི། མུའུ་སྟོང་གི་ཤིང་མངར་རྟེན་གཞི། མུའུ་བརྒྱའི་སེའུ་དམར་ཆུང་རྟེན་གཞི་སོགས་སྣོད་བཅུད་ཐོན་ལས་རྣམ་གྲངས་ཁག་གཅིག་སྐྲུན་པ་དང་། དེ་དག་ལས་ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་མུའུ་ཁྲིའི་འབྲས་ཤིང་དཔལ་འབྱོར་ཁུལ་ཞིག་རགས་ཙམ་ཆགས་ནས་གོང་དཀར་རྫོང་ནས་ཟངས་རི་རྫོང་བར་གྱི་རིང་ཚད་སྤྱི་ལེ་160ཟིན་པ་དང་ཞེང་ཚད་སྨི་1800ཟིན་པའི་ཡར་ཀླུང་གཙང་པོའི་ལྗང་མདོག་སྣོད་བཅུད་ཁྱམས་རིང་ཞིག་བཏོད་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་། གྲོང་ཁྱེར་དེས་དམངས་འཚོར་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་པས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མིག་སྔའི་བར། གྲོང་ཁྱེར་དེས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་6537.06བཏང་ནས་ཉེན་ཡོད་ཁང་པ་4423སྒྱུར་བཀོད་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་4.67བཏང་ནས་དུས་ཚིགས་རང་བཞིན་གྱི་འཐུང་ཆུའི་བདེ་འཇགས་ས་ཚིགས་841བསྐྲུན་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་རྦད་དེ་བསལ་ཡོད། ནད་ཆེན་རོགས་སྐྱོབ་ཐེབས་རྩ་སྒོར་ཁྲི་1000བཙུགས་པ་དང་། རྫོང(ཆུས)ཁག་ཏུ་སྒོར་ཁྲི་50ཡན་གཡར་བའི་མ་གནས་བཙུགས་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་ཁྱིམ་ཚང་སྨན་པ་དང་གན་རྒྱ་འཇོག་ཚད་100%ཟིན་ཡོད། “དམངས་འཚོའི་འདུ་འགོད་གལ་ཆེན་བཅུ”གསར་གཏོད་ཀྱིས་ལག་ལེན་བསྟར་བར་མ་དངུལ་སྒོར་དུང་ཕྱུར་29.4བཏང་བ་དང་དམངས་ཕན་སྲིད་ཇུས་ཁག་26བཏོན་པ་རེད། དབང་སྐྱོན་ལས་ཞུགས་གསོ་སྦྱོང་ལྟེ་གནས་8བསྐྲུན་ནས་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་ཡོད་མཁན་1730ལ་ལས་ཞུགས་ལས་གཏོད་བྱེད་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།