ཞིང་འབྲོག་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་གཏོང་བའི“གམ་པའི་ཐབས་ལམ”
གམ་པ་རྫོང་གི་དམིགས་བསལ་གྱི་ས་ཆུས་གམ་པའི་ལུག་གི་སྤུས་རྟགས་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད། འོན་ཀྱང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡོད་པའི་ས་གཞི་དེའི་ཉམས་ཞན་གྱི་སྣོད་བཅུད་ཁོར་ཡུག་དང་རགས་ལས་རྣམ་པའི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་དེ་སྐབས་ཤིག་རིང་རྒྱ་ཆེའི་འབྲོག་པ་མང་ཚོགས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་འཇུར་མིག་ཞིག་ཏུ་གྱུར་ཡོད་པ་རེད།
ཇི་ལྟར་བྱས་ནས་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་སམ། གམ་པ་རྫོང་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་ལན་ཞིག་བཏབ་ཡོད། འདི་ལོ་ཚུན་དུ་གམ་པ་རྫོང་གིས་ཞིང་འབྲོག་པའི་མཉམ་ལས་ཁང་ཚད་ལྡན་དང་སྤུས་ཚད་མཐོར་གཏོང་གོ་སྐབས་སུ་བྱས་ནས་གམ་པའི་ལུག་གསོ་ཚགས་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བརྩིས་ནས་ཇོ་མོ་གླང་མའི་རྒྱུད་ཀྱི་ལུག་གི་ཐོན་ལས་འཁོར་འབྲེལ་དང་། ཕན་འབྲས་ཀྱི་འཁོར་འབྲེལ། རིན་ཐང་གི་འཁོར་འབྲེལ་བཅས་ནང་རང་འགུལ་ངང་ཞུགས་ཏེ་མ་ལག་ཆ་ཚང་བ་དང་། འདུས་གྲུབ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ཞིང་འབྲོག་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་དང་། ལྕག་འདེབས་གཅུན་འདོམས་མཉམ་གནས་དང་ཕྱོགས་མང་མཉམ་ཞུགས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་འཛུགས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ནུས་ཤུགས་ཡོད་རྒུས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱས་ནས་སྣོད་བཅུད་མཛེས་སྡུག་ལྡན་པ་དང་། ཐོན་ལས་དར་བ། མང་ཚོགས་ཕྱུག་འགྱུར་བཅས་ཀྱི་དགའ་འོས་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ཏེ་རྩ་འཛུགས་ཀྱི་གསོན་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ།
གམ་པ་རྫོང་དུ་བ་ཚྭའི་ཆུ་དང་གཏེར་རྒྱུ་ཕུན་སུམ་ཚོགས་པའི་རང་བྱུང་ཁོར་ཡུག་ཡོད་པས་གམ་པའི་ལུག་ལ་སྤྲི་དཀར་མང་བ་དང་ཚི་ལུ་ཉུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། ཤ་འབོལ་པོ་དང་། བྲོ་བ་ཞིམ་པ། ཡ་མར་མི་གནོད་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་རྒྱ་ཆེའི་འཛད་སྤྱོད་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
གམ་པ་རྫོང་ཨུད་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ། འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། ལས་ཀའི་ཆེད་དོན་ཚན་ཁག་འཛུགས་པ། ལས་ཀའི་སྟོབས་ཤུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཡོད། “ཏང་འཛུགས་སྐྱོང་ལ་ཚོད་བགམ་བྱེད་པ་ནི་མཉམ་ལས་ཁང་ལ་ཚོད་བགམ་བྱེད་པ་ཞིག་དང་། མཉམ་ལས་ཁང་ལ་ཚོད་བགམ་བྱེད་པ་ནི་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་ཞིག་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ། ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་དབུལ་སྒྲོལ་གྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། ཇོ་མོ་གླང་མའི་རྒྱུད་ཀྱི་ལུག་གི་ཐོན་ལས་མ་གནས་ཉུང་བ་དང་། ཐོན་ལས་ཀྱི་ལས་ཕྱོད་དེ་བས་ཆེ་བ། སྤུས་རྟགས་ཀྱི་ཟུར་སྣོན་རིན་ཐང་དེ་བས་མཐོ་བ། ཐོན་ལས་འཁོར་སྦྲེལ་དེ་བས་དམ་ཟབ། སྤུས་ཚད་ཀྱི་ཆུ་ཚད་དེ་བས་བརྟན་པ། ཐོན་ཁུངས་ཀྱི་ཐེག་ནུས་དེ་བས་མཐུན་སྦྱོར་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་མགྱོགས་མྱུར་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་འབྲོག་ལས“སྤུས་ལེགས་དང་། ཐོན་མཐོ། ཕན་ཆེ། བདེ་འཇགས། སྣོད་བཅུད”བཅས་ཀྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱུང་ཡོད།
གུར་མེ་ཤང་བདེ་ཆེན་གྲོང་ཚོའི་དྲོ་སྐྱིད་ལྡན་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་འདུག དུད་ཚང་དབུལ་པོ་བུ་ཁྲིད་ཀྱིས་ནན་ཏན་ཉན་བཞིན་སྐབས་འགར་དགའ་བསུ་ཞུ་བཞིན་འདུག སྒྲོག་འགྲེལ་ཉན་རྗེས་ཁོང་གིས་གསར་འགོད་པར་གཅིག་སྡུད་སྒྲོག་འགྲེལ་འདི་རིགས་ཕུད། རིམ་ཁག་ཏང་ཡོན་ལས་བྱེད་པ་ཁོང་གི་ཁྱིམ་དུ་ཐེངས་མང་ཕེབས་ནས་སྲིད་ཇུས་འགྲེལ་བཤད་དང་དཀའ་ངལ་ཐག་གཅོད་བྱེད་ཀྱི་འདུག་ཅེས་བརྗོད་བྱུང་། འདི་ལོ་ཁོང་གིས་ལུག་28མཉམ་ལས་ཁང་གི་མ་རྐང་ལ་བཞག་ཡོད། “ཏང་ཡོན་ལས་བྱེད་པ་ཚོས་ལས་ཀ་དྲང་པོ་དྲང་གཞག་བྱེད་པ་མ་ཟད། ཏང་གི་སྲིད་ཇུས་བཟང་པོ་ང་ཚོར་དྲིལ་བསྒྲགས་བྱེད་པ་དང་མཉམ་ལས་ཁང་ལ་ཞུགས་པས་ང་ཚོ་དེ་བས་བློ་བདེ་པོ་འདུག”ཅེས་བུ་ཁྲིད་ཀྱིས་དགོད་བཞིན་བརྗོད་བྱུང་།
ཀྲི་པུའུ་གཅིག་ནི་མཁར་རྫོང་གཅིག་དང་ཏང་ཡོན་ནི་དར་ཆ་ཞིག་རེད། གམ་པ་རྫོང་གི་རིམ་ཁག་ཏང་ཡོན་ལས་བྱེད་པ་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་བ་བརྒྱུད། “རྫོང་རིམ་པའི་འགོ་ཁྲིད་ཀྱིས་ས་ཚིགས་ལ་དམ་འཛིན་དང་། ཁག་བགོས་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ། ཁོའོ་རིམ་པའི་ལས་བྱེད་པས་ལྟ་སྐུལ་དམ་འཛིན། གྲོང་གསེབ་ལས་བྱེད་པས་འཐབ་ཕྱོགས་དང་པོ་དམ་འཛིན”བཅས་ཀྱི་ལས་ཀའི་རྣམ་པ་ཆགས་ནས་ལུག་གསོ་ཚགས་མཉམ་ལས་ཁང་སྐྱེད་སྲིང་སྟོབས་ཆེན་དང་ཚད་ལྡན་མཐོར་འདེགས་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་འགན་ཁག་གི་དོན་་འཁྱོལ་ལ་སྐུལ་འདེད་བཏང་ཡོད།
གསར་གཏོད་ལ་བརྟེན་ནས་ཚན་རྩལ་གྱི་ཕན་ནུས་ལ་ཕྱོགས་བསྡུས་ཕན་འབྲས་ཐོན་པར་བྱས་པ།
“འབྲོག་ལས་འཕེལ་རྒྱས་གཏོང་བར་རྒྱུད་བཟང་སྔོན་ལ་འཇོག་དགོས” གམ་པ་རྫོང་གིས་ཚན་ཞིབ་ཁང་དང་སུའོ་དང་སྣེ་འདྲེན་ཁེ་ལས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ལག་རྩལ་གྱི་ཞབས་འདེགས་དང་ཚན་ཞིབ་འགག་སྒྲོལ་བྱས་པ་མ་ཟད། ཁྱད་ཆོས་ལྡན་པའི་གམ་པའི་ལུག་འདེམས་གསོ་དང་བདེ་ཐང་གསོ་ཚགས་ལག་རྩལ་འདུས་གྲུབ་དཔེ་སྟོན”སོགས་ཚན་ཞིབ་རྣམ་གྲངས་ལག་བསྟར་བྱས་པ་དང་རྒྱུད་བཟང་གསོ་ཚགས་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཐོན་སྐྱེད་ཀྱི་འཕེལ་རྒྱས་དང་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་ཇོ་མོ་གླང་མའི་རྒྱུད་ཀྱི་ལུག་རྒྱུད་བཟང་འདེམས་གསོ་དང་ཁྱབ་གདལ་བཏང་བ་རེད།
ལུང་རོང་ཤང་བྲག་ནག་གྲོང་ཚོར་གནས་པའི་གམ་པ་རྫོང་ཇོ་མོ་གླང་མའི་རྒྱུད་ཀྱི་ལུག་གསོ་ཚགས་རྟེན་གཞིའི་ལོ་60ལ་སླེབས་པའི་ཀྲེ་ཅན་གོ་དང་ལོ་27ལ་སླེབས་པའི་ཆུང་ལགས་ནི་ལས་རོགས་ཡག་པོ་ཞིག་རེད། ཀྲེ་ཅན་གོ་ནི་གཞིས་རྩེའི་པའེ་ཡ་ཁྲེང་ཞིང་ལས་ཚོང་དོན་ཚད་ཡོད་ཀུང་སིས་ཆེད་མངགས་མཚོ་སྔོན་ཞིང་ཆེན་ནས་གདན་ཞུ་བྱས་པའི་རྟེན་གཞིའི་འགན་འཁུར་བའི་གསོ་ཚགས་རིགས་གཅིག་མཁས་ཅན་ཡིན་པ་དང་། ས་སྐྱེས་རྡོ་སྐྱེས་ཀྱི་བྲག་ནག་གྲོང་ཚོའི་ཆུང་ལགས་གམ་པ་རྫོང་གིས་གཙོ་གནད་གསོ་སྐྱོང་བྱས་པའི་ལག་རྩལ་བ་རེད། རྟེན་གཞིའི་འགན་འཁུར་བ་ཀྲེ་ཅན་གོ་ཡི་ལས་རོགས་བྱས་ཏེ་རྟེན་གཞིའི་ལུག་ཚང་98ཀྱི་ལུག་ཁྲི་1.6ལྷག་ཙམ་ལ་གཡོག་བྱེད་བྱེད་ཀྱི་ཡོད། “ད་ཆ་ཟླ་རེར་གླ་ཕོགས་སྒོར་4000ཡོད། ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་ཡོད་པ་མ་ཟད། ཀྲེ་ཅན་གོའི་ས་ནས་ལུག་གསོ་ཚགས་དང་། ལུག་སྡོམ་གསོས། རིམས་འགོག་བཅས་ཀྱི་ལག་རྩལ་ཡང་སྦྱོང་བའི་གོ་སྐབས་བྱུང”ཞེས་ཆུང་ལགས་ཀྱིས་སེམས་འགུལ་དང་བཅས་གསར་འགོད་པར་བརྗོད།
གམ་པ་རྫོང་གིས་འདེབས་འཛུགས་གྲུབ་ཆ་སྔར་བས་ལེགས་སུ་བཏང་ཞིང་། གོ་རིམ་ལྡན་པའི་སྒོ་ནས“ས་ཞིང་ནང་བཤུག”གི་ལས་དོན་ཡག་པོ་བསྒྲུབས་ནས་གཟན་རྩྭ་བཏབ་སྟེ་རང་བྱུང་རྩྭ་ར་སྲུང་སྐྱོང་ཡག་པོ་བྱས་པས་སྣོད་བཅུད་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ“ལོ་ལེགས་ཉིས་བརྩེགས”བྱུང་ཡོད། “ཚེ་རིང་བསམ་གྲུབ་ཁྱིམ་གྱི་ས་ཞིང་མུའུ་30ལ་ནས་འདེབས་ཀྱི་མེད”གམ་པ་གྲོང་རྡལ་ཆུང་ཤུར་གྲོང་ཚོའི་གྲོང་མི་ཚོས་གླེང་བའི“བྱ་བ་གསར་པ”དེ་ཚེ་རིང་བསམ་གྲུབ་ཀྱི་སེམས་ལ་གདེང་ཚོད་ཆེན་པོ་ཡོད། ལག་རྩལ་བ་དང་ཏང་ཡོན་ལས་བྱེད་པའི་ཁྲིད་སྟོན་འོག དེང་རབས་ཀྱི་ཐོན་ལས་ནི“ཆེད་ལས་མི་སྣས་ཆེད་ལས་ཀྱི་བྱ་བ་སྒྲུབ་པ”ཞིག་ཡིན་པ་དང་ཐོན་ལས་ལས་བགོས་ལ་ཧུར་ཐག་ཞུགས་ན། གཞི་ནས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་ཕན་འབྲས་ཆེ་རུ་འགྲོ་ཐུབ་པ་ཚེ་རིང་བསམ་གྲུབ་ཀྱིས་ཤེས་ཀྱི་ཡོད།
“ང་ཚོའི་གྲོང་ཚོའི་ས་བབ་མཐོ་བས་ནས་ཀྱི་འབབ་ས་བབ་དམའ་བ་ལས་ཞན་པ་ཡོད། འོན་ཀྱང་གཟན་རྩྭ་བཏབ་ན། ཧ་ཅང་འཚམ་པོ་ཡོད། འདི་ལོ་གཟན་རྩྭ་བཏབ་པའི་ཡོང་འབབ་སྒོར་ཁྲི་2.4བྱུང་། ཁྱིམ་དུ་ད་དུང་གཟན་རྩྭ་སྐམ་པོ་རྒྱ་མ་ཁྲི་2ཡོད། གཟན་རྩྭ་བཏབ་ན། དུས་ཚོད་དང་ངལ་ནུས་གྲོན་ཆུང་ཐུབ་པ་དང་ཡོང་འབབ་ཀྱང་ནས་བཏབ་པ་ལས་མང་བ་འདུག”ཅེས་ཚེ་རིང་བསམ་གྲུབ་ཀྱིས་རྩིས་རྒྱག་བཞིན་དེ་ལྟར་བརྗོད་བྱུང་།
ལམ་ལུགས་འགན་ལེན་བྱུང་ནས་ཐོན་ལས་དང་དམངས་འཚོའི་ཚ་རླབས་འཕྱུར།
ན་ནིང་གུར་མེ་ཤང་གི་ལུག་ནག་ཞིང་པའི་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ནང་ཞུགས་མཁན་དུད་ཚང་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་5000ཡན་བྱུང་ཡོད། མཉམ་ལས་ཁང་གི་མ་རྐང་ལ་ཞུགས་མེད་པའི་ཕུར་བུ་དབང་འདུས་ཀྱིས་འདི་ལོ་རང་འགུལ་ངང་རང་ཉིད་ཀྱི་ལུག་11མཉམ་ལས་ཁང་གི་མ་རྐང་ལ་བཞག་པ་རེད། “ད་ནས་བཟུང་ལུག་ལ་གཡོག་བྱེད་མི་དགོས་པ་དང་བཙོངས་ན་གོང་ཡག་པོ་མི་རག་པའི་སེམས་ཁྲལ་བྱེད་དགོས་མེད། འདི་ལོ་ཕྱིར་ཞོར་ལས་རྒྱུག་པར་གླ་ཆ་སྒོར་15000ལྷག་ཙམ་བྱུང་། ལོ་མཇུག་ཏུ་ད་དུང་མཉམ་ལས་ཁང་གི་ཐོབ་ཆ་ཡོད། སང་ལོ་སྐྱེལ་འདྲེན་རླངས་འཁོར་ཞིག་ཉོས་ནས་ཡོང་འབབ་དེ་བས་མང་པོ་གསོག་གི་ཡིན”ཞེས་ཕུར་བུ་དབང་འདུས་ཀྱིས་དགའ་སྤྲོའི་ངང་བཤད་བྱུང་།
ལམ་ལུགས་ཅན་གྱི་མཉམ་ལས་རྩ་འཛུགས་ཀྱི་ངོས་ནས་མཉམ་ལས་ཁང་ནི་དཔལ་འབྱོར་དངོས་ཚན་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་དེ་བས་ལེགས་པར་ཐོན་པ་དང་། ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་བཅོས་སྐྱོང་། སྣོད་བཅུད་སྲུང་སྐྱོང་། རིག་གནས་རྒྱུན་འཛིན། དབུལ་སྒྲོལ་འགག་སྒྲོལ། མཐའ་སྲུང་མཐའ་བརྟན་སོགས་ལ་ནུས་པ་འདོན་སྤེལ་ཐུབ་ཡོད། གམ་པ་རྫོང་གིས་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་རྫོང་སྐྲུན་རིང་ལམ་ལུགས་འགན་ལེན་བྱས་ནས་ལུག་གསོ་ཚགས་མཉམ་ལས་ཁང་དང་ཞིང་འབྲོག་མང་ཚོགས་དབར་ཁེ་ཕན་སྦྲེལ་མཐུད་ཀྱི་ལམ་སྲོལ་ཆགས་པར་བྱས་ནས་ས་གནས་དེ་གའི་དོན་དངོས་དང་འཚམ་པ་དང་། ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཞུགས་རྒྱུའི་ཡིད་དབང་འགུགས་པ། རྒྱུན་རྣམ་དང་། ཕུགས་ཕན། སྲ་བརྟན། རྒྱ་ཆེ་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དེང་རབས་འབྲོག་ལས་ཐོན་ལས་འཁོར་སྦྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་བཞིན་ཡོད། མིག་སྔར་རྫོང་དེས“ནང་འདྲེན་དང་ཕྱིར་སྐྱོད”ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། མཉམ་ལས་ཁང་གི་ལས་འཛིན་དཔོན་དང་། གསོ་ཚགས་པ། ཞིང་འབྲོག་ཞབས་ཞུ་ལྟེ་གནས་ཀྱི་མི། གྲོང་གསེབ་དར་རྒྱས་ཀྱི་ལས་བྱེད་པ་སོགས་མིའི་ཚན་རིག་དང་མཐུན་པའི་གསོ་ཚགས་དང་གཉེར་སྐྱོང་དོ་དམ་ཚད་ལྡན་འཛུགས་སྐྱོང་སོགས་ཀྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པར་བརྟེན་མཉམ་ལས་ཁང་གི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད།
འཆར་གཞི་གསར་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད། གོ་སྐབས་གསར་པས་སྐྱེ་སྟོབས་གསར་པ་སྐྱེད་སྲིང་བྱེད། གམ་པ་རྫོང་གིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་མིག་རྒྱང་ནས་ཞིང་པའི་མཉམ་ལས་ཁང་ཚད་ལྡན་དང་རིམ་སྤོར་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་ཚན་རྩལ་དང་གསར་གཏོད་མཉམ་སྲུང་དང་། སྤུས་ཚད་དང་ཕན་འབྲས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་། གཅིག་གྱུར་དང་ཚན་རིག་དང་མཐུན་པའི་སྤུས་རྟགས་ཅན་གྱི་སྤུས་ཚད་དོ་དམ་མ་ལག་འཛུགས་པ། ཐོན་སྐྱེད་མ་བྱས་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་བཅས་ཀྱི་ལྷུ་ཚིགས་མང་པོ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་དོ་དམ་དུ་བཅུག་པ། རྒྱུད་བཟང་གསོ་ཚགས་མ་ལག་འཛུགས་སྐྱོང་། ལུག་ཚང་ཚད་ལྡན་ཅན་དུ་སྒྱུར་བཀོད། ལུག་གི་རིལ་མ་བེད་སྤྱོད་སོགས་ཀྱི་ལས་དོན་བརྟན་པོའི་ངང་ཡག་པོ་སྒྲུབ་པ། ཞིང་འབྲོག་མང་ཚོགས་དེ་བས་མང་བ་ཐོན་ལས་འཁོར་སྦྲེལ་དང་མཉམ་སྤྱོད་ཁེ་ཕན་གྱི་འཁོར་སྦྲེལ་ལ་ཞུགས་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣