དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཀྱི་གྲོང་སྡོད་ལས་བྱེད་པ་མི་ཐེངས་ཁྲི་20ལྷག་ཙམ་དབུལ་སྒྲོལ་གྱི་སྣེ་ཁྲིད་པར་གྱུར་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-12-21

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་ས་ཁུལ་དབུལ་པོ་འབའ་ཞིག་བོད་ཀྱིས་འདི་ལོ་དབུལ་པོ་དབུལ་རྐྱང་གི་རྣམ་པ་ལས་ཐར་བའི་ཁྱབ་བསྒྲགས་བྱས་པ་རེད། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དེའི་རྒྱབ་ཏུ་གྲོང་སྡོད་ལས་བྱེད་པ་མི་ཐེངས་ཁྲི་20ཙམ་གྱི་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལུའེ་ཡེ་ཧུའེ་ཡིས་གྲོང་སྡོད་ལས་བྱེད་པ་ཚོས་ཏང་དང་མང་ཚོགས་དབར་གྱི“སེམས་འབྲེལ་ཟམ་པ”བཙུགས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྣེ་འཁྲིད་མཁན་གྱི་དབུལ་སྒྲོལ་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད་ཅེས་གསུངས་པ་རེད།

    2019ལོའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་བོད་ཡོངས་ཀྱི་སྤྱིའི་མི་འབོར་གྱི་68.5%བཟུང་བ་དང་ཞིང་འབྲོག་པ་ཁྲི་240ཙམ་གྲོང་ཚོ(གྲོང་ལྷན)5400ལ་ཁ་ཐོར་དུ་གནས་ཡོད། དུས་ཡུན་རིང་པོའི་ནང་རང་བྱུང་ཁམས་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་དང་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཕོག་པ་དང་གཞི་རིམ་རྩ་འཛུགས་ཁྲོད“བྱེད་ཐབས་མི་འདང་བ་དང་ཤེས་ལྡན་པ་དཀོན་པའི”གནད་དོན་མངོན་གསལ་དོད་པར་བརྟེན་བོད་ཀྱི་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད། དེར་བརྟེན་བོད་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་གྲོང་སྡོད་ལས་བྱེད་པ་མི་ཐེངས་ཁྲི་2ལྷག་ཙམ་བཏང་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ཡོད།

    ལུའེ་ཡེ་ཧུའེ་ཡིས་ངོ་སྤྲོད་བྱས་པར། 2011ལོའི་ཟླ་10པ་ནས་བཟུང་། བོད་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་ཐེངས་9པར་མངགས་པར་ལས་བྱེད་པ་མི་ཐེངས་ཁྲི་19.3བཏང་སྟེ་གྲོང་སྡོད་ལས་དོན་སྤེལ་བ་དང་ཁག་ཐེངས་གསུམ་གྱི་ལས་བྱེད་པ་མི་ཐེངས་ཁྲི་1.6བཏང་སྟེ་གྲོང་ཚོའི(གྲོང་ལྷན)ཧྲུའུ་ཅི་བྱེད་དུ་བཅུག་ཡོད། དེ་དང་ཆབས་ཅིག་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་རྨང་བརྟན་དམངས་ཕན་གྱི་མ་དངུལ་བཀོད་སྒྲིག་བྱས་ཏེ་གྲོང་སྡོད་ལས་བྱེད་པ་ཚོས་མང་ཚོགས་ཀྱི་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་པར་སྤྱོད་པ་དང་དེའི་ཁྲོད་ནས་གྲོང་ཚོ་རེར་དངུལ་སྒོར་ཁྲི་20བཀོད་སྒྲིག་བྱས་ཏེ་རྨང་བརྟན་དམངས་ཕན་གྱི་གྲོན་དངུལ་དུ་བྱས་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྲོང་སྡོད་ལས་བྱེད་པ་ཚོས་གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། དམངས་ཕན་སྲིད་ཇུས་དོན་འཁྱོལ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་སོགས“ལས་དོན་བདུན”ལ་དམིགས་ནས་དམངས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་ཧུར་ཐག་བསྒྲུབས་ཡོད།

    2019ལོར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་བྱེད་པ་ཡེ་ཞའོ་ཡུང་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རི་དམར་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བྱེད་རིང་། ཁོང་དང་གྲོང་སྡོད་ལས་དོན་རུ་ཁག་གིས་དངུལ་སྒོར་ཁྲི་308རེ་ཞུ་བྱས་ཏེ་རི་དམར་གྲོང་ཚོར་སྲེག་མ་བཟོ་གྲྭ་བཙུགས་པ་དང་འབྲི་གཡག་གསོ་ཚགས་སོགས་དབུལ་སྒྲོལ་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་པ་རེད། རི་དམར་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་2016ལོའི་སྒོར་3310ནས་2019ལོར་སྒོར་10900བར་འཕར་ཡོད། མང་ཚོགས་མང་པོ་ཞིག་གིས་ཀྱང་ལོ་དེ་དག་གི་གྲོང་ཚོའི་འགྱུར་ལྡོག་དང་གྲོང་སྡོད་ལས་བྱེད་པ་ཚོས་བསྒྲུབས་པའི་ལས་དོན་ལ་བསྔགས་བརྗོད་བྱས་ཡོད།

    2019ལོའི་ལོ་མཇུག་བར། བོད་ཀྱི་རྫོང་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་ཡོད། དེ་དང་ཆབས་ཅིག་ཏང་ཡོན་ལས་བྱེད་པ་བཅུ་གྲངས་ཁ་ཤས་དབུལ་སྐྱོར་གྱི་འཐབ་ས་དང་པོར་སྐུ་གཤེགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།