“ངས་ད་ཆ་གཉེར་སྐྱོང་བྱེད་བཞིན་པའི་ཆོས་སྒང་གླིང་བོད་ཕག་གསོ་ཚགས་མཉམ་ལས་ཁང་བཙུགས་ནས་ད་བར་ལོ་ལྔ་འགྲོ་གི་འདུག ན་ནིང་བོད་ཕག་གསོ་ཚགས་མཉམ་ལས་ཁང་ནང་ཞུགས་མཁན་དུད་ཚང་ལྔ་ལ་བགོ་འགྲེམས་རག་པ་དང་མང་ཤོས་ལ་སྒོར་ཁྲི་20རག་ཡོད། ད་ཆ་མཉམ་ལས་ཁང་གི་ལོ་གཅིག་གི་ཁེ་བཟང་སྒོར་ཁྲི་90ཡས་མས་ཟིན་གྱི་འདུག”ཅེས་ཟླ་བ་ཚེ་རིང་གིས་དགའ་ཚོར་ཆེན་པོས་བརྗོད།
“བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོའི་ཟླ་བ་ཚེ་རིང་ནི་ཆོས་སྒང་གླིང་བོད་ཕག་གསོ་ཚགས་མཉམ་ལས་ཁང་གི་འགན་འཁུར་བ་རེད། ཉེ་བའི་ལོ་ཤས་གོང་ཁྱིམ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ས་ཞིང་དང་མགོ་ཕྱུགས་ཁ་ཤས་ལ་བརྟེན་གྱི་ཡོད། ཁོམ་པ་ཡོད་དུས་གྲོང་ཁྱེར་ནང་གླ་པར་ཕྱིན་ནས་ཡོང་འབབ་རག་ཐབས་བྱེད་ཀྱི་ཡོད་ཀྱང་ཕྱུག་པོ་དེ་ཙམ་མེད། དེ་དུས་ངའི་བསམ་པར་འཚོ་བ་སྐྱིད་པོ་སྐྱེལ་དགོས་ན་ལག་རྩལ་ཞིག་ངེས་པར་དུ་དགོས་ཀྱི་འདུག་སྙམ་ནས་ལག་རྩལ་ཞིག་ཡག་པོ་སྦྱངས་ཏེ་འཚོ་བ་སྐྱིད་པོ་སྐྱེལ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཟླ་བ་ཚེ་རིང་གིས་བརྗོད།
གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མི་ལ་དབང་བའི་དཔེ་ལྟར་2015ལོའི་ཟླ་8པར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་ཐོག་སྨད་གྲོང་ཚོའི་ཆོས་སྒང་གླིང་བོད་ཕག་གསོ་ཚགས་མཉམ་ལས་ཁང་ཐོག་སྨད་གྲོང་ཚོར་དངོས་སུ་བཙུགས།
ཟླ་བ་ཚེ་རིང་དང་གྲོང་ཚོ་དེ་གའི་གྲོང་མི་ཤེས་རབ་དབང་འདུས་ཀྱིས་དངུལ་བུན་གཡར་བ་དང་མ་དངུལ་བསྡུ་རུབ་བྱེད་པའི་ཐབས་ལ་བརྟེན་ནས་སྒོར་ཁྲི་200ལྷག་ཙམ་གྲབས་གསོག་ཐུབ་པ་དེ་དག་ཕག་ཚང་རྒྱག་པ་དང་། བོད་ཕག་གི་རྒྱུད་བཟང་ནང་འདྲེན། མཉམ་ལས་ཁང་གཉེར་སྐྱོང་བཅས་ལ་བཏང་ཡོད། མ་གཞི་ཟླ་བ་ཚེ་རིང་དང་ཤེས་རབ་དབང་འདུས་ཀྱིས་དེ་སྔ་ནས་བོད་ཕག་གསོ་སྟངས་རགས་ཙམ་ཤེས་ཀྱི་ཡོད་ཀྱང་། མཉམ་ལས་ཁང་བཙུགས་རྗེས་བོད་ཕག་མང་པོ་གསོ་དགོས་པ་མ་ཟད། ད་དུང་མཉམ་ལས་ཁང་གཉེར་སྐྱོང་ཡག་པོ་བྱས་ཏེ་ཡོང་འབབ་བརྟན་པོ་ཡོང་བ་བྱས་ནས་མི་སྔར་ལས་མང་བའི་ཕྱུག་འགྱུར་སྐུལ་ཁྲིད་བྱེད་དགོས་པས། ཆེད་ལས་ཀྱི་གསོ་ཚགས་ལག་རྩལ་སྦྱོང་དགོས་པར་བརྟེན་ཁོ་གཉིས་ལ་དཀའ་ལས་ཆེན་པོ་བཟོས་ཡོད།
ཡུན་རིང་མ་སོང་བར་གསོ་ཚགས་དུད་ཚང་གིས་བོད་ཕག་གསོ་ཚགས་ཀྱི་ལག་རྩལ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་བདེ་བླག་གཏོང་ཆེད། བྲག་ཡིབ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱིས་བོད་ཕག་གསོ་ཚགས་དུད་ཚང་ལ་གཅིག་སྡུད་གསོ་སྦྱོང་བྱས། ཟླ་བ་ཚེ་རིང་གིས་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱེད་པའི་གོ་སྐབས་དེ་བཟུང་ནས་བོད་ཕག་གསོ་ཚགས་ཀྱི་གསོ་སྦྱོང་ལ་ཞུགས།
གསོ་སྦྱོང་བྱེད་རིང་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བས་ཆེད་ལས་ཀྱི་གསོ་ཚགས་ཤེས་བྱ་བསླབས་པས་ཟླ་བ་ཚེ་རིང་གི་མིག་རྒྱང་རིང་དུ་ཕྱིན་ཡོད། སློབ་སྦྱོང་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ད་ཆ་ཟླ་བ་ཚེ་རིང་གིས་གསོ་ཚགས་ལག་རྩལ་ཁོང་དུ་ཆུད་པ་དང་ད་དུང་རྟག་པར་རྫོང་དུ་སློབ་ཚན་འཁྲིད་པར་བསྐྱོད་དེ་རང་ཉིད་ཀྱིས་གང་ཤེས་པ་རྣམས་མི་སྔར་ལས་མང་བར་སློབ་ཁྲིད་བྱེད་ཀྱི་ཡོད།
“དེ་སྔོན་རྟག་པར་ཕྱིར་གླ་པར་འགྲོ་དགོས་པས། ཁྱིམ་ལ་ལྟ་རྟོག་བྱེད་ཁོམ་མི་འདུག ད་ཆ་མཉམ་ལས་ཁང་ལ་ཞུགས་རྗེས་སྒོ་རྩ་ནས་ཕྱུག་འགྱུར་ཐུབ་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག མིག་སྔར་མཉམ་ལས་ཁང་དུ་ཕག་པ་800ལྷག་ཙམ་ཡོད་པ་དང་ལོ་མཇུག་ཏུ་མགོ་གྲངས་1000ཟིན་ངེས་ཡིན་པས། ལས་ཀའི་སེམས་ཤུགས་སྔར་ལས་ཆེ་རུ་ཕྱིན་སོང”ཞེས་ཤེས་རབ་དབང་འདུས་ཀྱིས་དགའ་ཚོར་ཆེན་པོས་བརྗོད།
རང་ཉིད་ཕྱུག་པོ་ཆགས་རྗེས་ཡུལ་མི་སྤུན་ཟླ་ཚོ་བརྗེད་མི་ཉན་པ་ཟླ་བ་ཚེ་རིང་གིས་གསལ་པོར་ཤེས་ཀྱི་ཡོད་ལ། ཕ་ཡུལ་གྱི་ཞིང་ས་གཤིན་པོས་རང་ཉིད་བསྐྱངས་པ་དང་། ད་དུང་ཡུལ་མི་སྤུན་ཟླ་མང་པོ་ཞིག་ལ་ཕྱུག་འགྱུར་ལམ་བུ་འཚོལ་བཞིན་ཡོད་པ། སྔར་སོང་རང་ཉིད་དང་འདྲ་བར་ཕྱུག་འགྱུར་གྱི་ཐབས་མཆོག་འཚོལ་བའི་གཞོན་ནུ་སེམས་ཤུགས་ཅན་མང་པོ་ཡོད་པ་དེ་བས་ཀྱང་བརྗེད་མེད།
“མ་གཞི་ང་ནི་ཞིང་འབྲོག་པ་དཀྱུས་མ་ཞིག་ཡིན་ནཡང་། ང་ལ་འབད་འབུངས་ཡར་བརྩོན་གྱི་སེམས་ཤུགས་ཡོད། ངས་ཡུལ་མི་རྣམས་ཕྱུག་པོའི་ལམ་དུ་འཁྲིད་རོགས་བྱས་ཏེ་རང་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཀྱི་ཡིན”ཞེས་ཟླ་བ་ཚེ་རིང་གིས་སེམས་ཤུགས་ཆེན་པོས་བརྗོད།
ཉེ་འཁོར་མང་ཚོགས་ལ་བགོ་འགྲེམས་དང་ཡོང་འབབ་མང་དུ་འགྲོ་བར་སྐུལ་ཁྲིད་བྱས་པ་དང་ཆབས་ཅིག ཟླ་བ་ཚེ་རིང་གིས་ཁོ་ཚོར་བོད་ཕག་གསོ་སྟངས་བསླབས་པ་མ་ཟད། ད་དུང་ཉེ་འཁོར་གྱི་མང་ཚོགས་ལ་དབུལ་སྒྲོལ་གྱི་སེམས་ཤུགས་དང་ཕྱུག་འགྱུར་གྱི་བློ་སྟོབས་དགོས་པའི་ཁྲིད་སྟོན་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྟོབས་ཤུགས་ཆེན་པོ་ཞིག་འཕེལ་བར་བྱས་ཡོད།
“ད་ཆ་ང་ལ་སེམས་ཤུགས་ཧ་ཅང་ཆེན་པོ་ཡོད། གུང་ཁྲན་ཏང་གི་འགོ་ཁྲིད་དང་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ང་ཚོས་འབད་བརྩོན་བྱེད་ཐུབ་ན་འབབ་འཕར་ཕྱུག་འགྱུར་ཡོང་ངེས་རེད། ང་འཚར་ལོངས་བྱུང་བ་འདི་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། སླད་ཕྱིན་ངས་འབད་བརྩོན་སྔར་ལས་ཆེ་བ་བྱས་ཏེ་མི་སྔར་ལས་མང་བར་སྐུལ་ཁྲིད་ཀྱིས་མུ་མཐུད་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་འབྲོག་ལས་འཕེལ་རྒྱས་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཟླ་བ་ཚེ་རིང་གིས་བརྗོད།