དབུ་ཤོག>ཆེད་སྒྲིག
  • མེ་ཏོག་སྣ་བརྒྱ་བཞད་པའི་ལྡུམ་རར་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-15

    སློབ་གསོ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། མི་རིགས་ཀྱི་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མངའ་རིས་ས་ཁུལ་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་ལ་དམ་འཛིན་ནན་པོ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན། སློབ་གསོ་ཐོག་མཐའ་བར་གསུམ་དུ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཏུ་འཇོག་པ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་མི་སྣ་གསོ་སྐྱོང་རྩ་བར་འཛིན་པའི་ལྟེ་བའི་བླང་བྱ་མཐའ་འཁྱོངས། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་གང་ཐུབ་བཅས་བྱས་པས། སློབ་ཞུགས་གོང་གི་སློབ་གསོ་དེ་བས་ཀུན་ཕན་དང་། འོས་འགན་སློབ་གསོ་དེ་བས་དོ་སྙོམས། ལས་རིགས་སློབ་གསོ་དེ་བས་ཁྱད་ཆོས་ལྡན་པ་བཅས་བྱུང་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཡོད།

    སློབ་གསོའི་བྱ་གཞག་འཕེལ་རྒྱས་མགྱོགས་པོ་བྱུང་བ།

    མངའ་རིས་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭ་2018ལོའི་ཟླ་བརྒྱད་པར་མ་དངུལ་སྒོར་དུང་ཕྱུར་2.58བཏང་ནས་བཙུགས་ཤིང་། སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་མུའུ་110ཡོད་པ་དང་། འཛུཌ་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.9ཟིན་པར་སློབ་ཆུང་སློབ་མ་1000དང་དམའ་འབྲིང་སློབ་མ་700ཤོང་ཐུབ། དེ་ནི་མངའ་རིས་ས་ཁུལ་གྱི་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འབའ་ཞིག་དེ་རེད།

    ལོ་ལྔའི་རིང་མངའ་རིས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ས་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་69ནས་153བར་མང་དུ་ཕྱིན་པ་དང་། དགེ་རྒན་མི་གྲངས་1408ནས་2071བར་མང་དུ་ཕྱིན་པ། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་17468ནས་24051བར་མང་དུ་ཕྱིན་ཡོད། སྔ་རྗེས་སུ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་། ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་། ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་བཅས་བཙུགས་པ་དང་། སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་སློབ་ཞུགས་བྱེད་ཚད་སོ་སོར་99.89%དང་། 108.96% 82.58%ཟིན་པ། སྤུ་ཧྲེང་དང་། རྩྭ་མདའ། སྒར། རུ་ཐོག མཚོ་ཆེན། དགེ་རྒྱས་བཅས་རྫོང་དྲུག་ལ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ནས་དོ་སྙོམས་ཚད་86%ཟིན་པ། 2019ལོའི་ཆུང་རྒྱུགས་དང་འབྲིང་རྒྱུགས་ཀྱི་ཆ་སྙོམས་སྐར་གྲངས་2015ལོའི་103.33དང་186.9ནས་སོ་སོར་སྐར་གྲངས་111.4དང་227.02བར་འཕར་བ་དང་། མཐོ་རྒྱུགས་བཏང་ནས་སློབ་ཆེན་དུ་ཡིག་རྒྱུགས་འཕྲོད་ཚད་2015ལོའི་24.41%ནས་78.58%བར་འཕར་ཡོད་པ་རེད།

    སློབ་གསོའི་སྒྱུར་བཅོས་ལ་ཚད་བརྒལ་བྱུང་བ།

    ལོ་ལྔའི་རིང་། མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི་སློབ་གསོའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་བཏོན་ཏེ་སློབ་གསོ་སྒྱུར་བཅོས་ལ་འཐབ་ཇུས་ཀྱི་དམིགས་ཚད་ཁ་གསལ་བཟོས་ནས་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། 《མངའ་རིས་ས་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》བཏོན་ཏེ་བུ་བཅོལ་ཁང་གི་ལས་ཀའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བུ་བཅོལ་ཁང་གཉེར་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད། 《མངའ་རིས་ས་ཁུལ་གྱི་དགེ་རྒན་དོ་དམ་བྱ་ཐབས》དང་། 《མངའ་རིས་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་དོ་དམ་བྱ་ཐབས》《མངའ་རིས་ས་ཁུལ་གྱི་དགེ་རྒན་གྱི་དམའ་རིམ་དང་འབྲིང་རིམ་གྱི་གོ་མིང་དཔྱད་འདེམས་ལག་བསྟར་ཞིབ་སྲོལ(ལག་བསྟར)》བཏོན་ནས་ས་ཁུལ་ཡོངས་ཀྱི་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་ཆེད་བསྐོས་དགེ་རྒན་གྱི་སློབ་རྒྱུས་ལོན་ཚད་2015ལོའི་82%དང་། 81% 85%ནས་100%བར་མཐོ་རུ་ཕྱིན་ཡོད། དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་ཀྱི་གོ་མིང་གི་བསྡུར་ཚད་2015ལོའི་21%དང་། 12% 1.2%ནས་སོ་སོར་30.17%དང་། 27.45% 3.6%བཅས་འཕར་བ་དང་། རིགས་ཁག་གི་དགེ་རྒན་མི་ཐེངས་7150ལ་གསོ་སྦྱོང་བྱས་ཡོད།

    མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་རང་སྐྱོང་ལྗོངས་ཀྱི་ཚད་གཞིའི་རིམ་པ་གསུམ་པའི་ཁུལ་གྱི་མི་རེར་ཟླ་རེར་སྒོར་1000དང་རིམ་པ་བཞི་པའི་ཁུལ་གྱི་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར་1500སྤྲོད་པའི་རྨང་གཞིའི་ཐོག གྲོང་གསེབ་ཀྱི་དགེ་རྒན་རེར་འཚོ་བའི་ཁ་གསབ་སྒོར་300མང་དུ་བཏང་བས་གྲོང་གསེབ་ཀྱི་དགེ་རྒན་གྱི་འཚོ་བའི་ཁ་གསབ་ལོ་རེར་མི་རེར་ཆ་སྙོམས་སྒོར་18600ཟིན་ཡོད། 《མངའ་རིས་ས་ཁུལ་གྱི་སློབ་གསོ་སློབ་ཁྲིད་སྤུས་ཚད་ཀྱི་ལྕག་སྐུལ་བྱ་ཐབས》བཏོན་ནས་ས་ཁུལ་གྱི་སློབ་སྐྱོར་མ་དངུལ་གྱི་40%སློབ་གསོའི་སྤུས་ཚད་བྱ་དགའ་དང་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ཐད་སྤྱད་དེ་རྒྱ་ཆེའི་སློབ་གསོའི་ལས་དོན་པའི་ཧུར་སེམས་དང་འགན་སེམས་ཆེ་རུ་གཏོང་གང་ཐུབ་བྱས་ཡོད།

    སློབ་གསོ་འདྲ་མཉམ་མཐོ་རུ་ཕྱིན་པ།

    མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ“སློབ་གསོ་འཕེལ་རྒྱས་བཏང་ནས་ཁག་གཅིག་དབུལ་སྒྲོལ་བྱེད་པ”དབུལ་སྐྱོར་གསར་སྤེལ་གྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་བ་དང་། མཉམ་སྤྱོད་འཕེལ་རྒྱས་ལ་བརྟེན་ནས་སློབ་གསོ་དྲང་སྙོམས་ཡོང་བར་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་དེའི་རྗེས་རབས་ཀྱི་སློབ་རིམ་འཕར་མེད་པའི་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་ཚང་མ་ལས་རིགས་སློབ་གསོའམ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཁོངས་སུ་བཅུག་ནས་ཁོ་ཚོས་མ་མཐར་ཡང་ཕྱུག་འགྱུར་གྱི་རྩལ་ནུས་སྣ་གཅིག་ཁོང་དུ་ཆུད་པ་དང་རྩལ་ནུས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པར་བྱས་ཏེ། དབུལ་པོ་བུ་རབས་ཚ་རྒྱུད་ཀྱི་རྒྱུན་བཅད་ཡོད། འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་མ་རེར་ལོ་རེར་སྒོར་4320དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་རེར་ལོ་རེར་སྒོར་3820 སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་སློབ་མ་རེར་ལོ་རེར་སྒོར་3320བཅས་ཀྱི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་སློབ་མ་མི་ཐེངས་19710ལ་ཕན་པ་ཐོབ་པ་དང་། “འགན་ལེན་གསུམ”གྱི་གྲོན་དངུལ་སྒོར་ཁྲི་7145.88བཏང་ཡོད།

    “ཉེ་བའི་ལོ་ཤས་རིང‘འགན་ལེན་གསུམ”གྱི་ཚད་གཞི་སྔར་བས་མཐོ་རུ་བཏང་བས། ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ་དང་སློབ་སྦྱོང་གི་ཧུར་སེམས་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད”ཅེས་བོད་ལྗོངས་རུ་ཐོག་རྫོང་གི་ལོ་དགུའི་རྒྱུན་གཏན་ལམ་ལུགས་སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་རིང་དཔལ་ལྡན་གྱིས་བཤད།

    བསམ་བློ་ཆབ་སྲིད་སློབ་གསོ་མི་སེམས་ལ་གཏིང་ཟབ་ཟུག་པ།

    “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། མངའ་རིས་ས་ཁུལ་གྱིས“གསོ་སྐྱོང་ལྔ་གལ་ཆེ་མཉམ་འཛིན་དང་ཀུན་སྤྱོད་སློབ་གསོ་སྔོན་ལ་འཇོག་པ”མཐའ་འཁྱོངས་ཀྱིས་གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དང་ཀུན་སྤྱོད་སློབ་གསོ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “སྣང་ཆེན་ལྔ་དང་། ལྟ་བ་ལྔ། ཚད་ལོན་ལྔ”“བོད་ནུབ་ཁུལ་གྱི་གདོང་ལེན། གསར་བརྗེའི་མངའ་རིས”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་གཏོད། “ཏང་གི་བཀའ་དྲིན་མཐའ་མཚམས་ལ་ཁྱབ། མངའ་རིས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས”པའི་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་རྟེན་གཞི་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། སྔ་རྗེས་སུ་གྲོང་གསེབ་ཀྱི་ལོ་ཆུང་བྱིས་པའི་ཕོ་བྲང་21དང་། གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་7 རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་2བཅས་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་སློབ་གྲྭ་དང་། རྒྱལ་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པ། རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་སོགས་དང་། རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་སློབ་གྲྭ ཏང་འཛུགས་སྐྱོང་གི་དཔེ་སྟོན་སློབ་གྲྭ མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ། དུག་འགོག་དཔེ་སྟོན་སློབ་གྲྭ་སོགས་བཏོད་ཡོད།

    “‘ལོ་ལྔ་ཚན་བཅུ་གསུམ་པ’ནས་བཟུང་། ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་མངའ་རིས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གོམ་སྟབས་རྗེས་མར་སློབ་གསོའི་ནང་དོན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གསོའི་བྱ་ཐབས་ལེགས་སུ་གཏོང་བ། སློབ་གསོའི་ཐབས་ལམ་རྒྱ་ཆེར་གཏོང་བ། སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ། སློབ་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཧུར་ཐག་གཉེར་ཏེ་མངའ་རིས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་མངའ་རིས་ས་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སངས་རྒྱས་བག་གྲོས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།