དབུ་ཤོག>ཆེད་སྒྲིག
  • ལག་རྩལ་སྦྱངས་ནས་ཕྱུག་འགྱུར་ལམ་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-15

    ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་འབྲོག་པའི་གསོ་སྦྱོང་དང་ལས་ཞུགས་འདོད་མཐུན་ལ་བརྩི་འཇོག་གང་ལེགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་མིང་དངོས་འགོད་པའི་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མང་ཚོགས་ཀྱི་དགོས་མཁོ་མཐིལ་རྟོགས་ཞིབ་ཕྲ་བྱས་པ་དང་། གསོ་སྦྱོང་གི་རྣམ་གྲངས་དང་གསོ་སྦྱོང་བྱེད་སྟངས་སོགས་ངལ་རྩོལ་པའི་རང་མོས་གདམ་གའི་རྩ་དོན་ལ་གཞིགས་ནས་གནད་སྨིན་གྱི་རྩལ་ནུས་གསོ་སྦྱོང་བྱས་པས་མང་ཚོགས་ཀྱིས་ལག་རྩལ་སྣེ་གཅིག་སྦྱོང་བ་དང་ལས་ཀ་བརྟན་པོ་ཞིག་འཚོལ་བའི་དགོས་མཁོ་ནུས་ལྡན་བསྐངས་ཏེ་ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱིས་ཞིང་འབྲོག་པ་མི་ཐེངས་ཁྲི་35ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ཆ་སྙོམས་ལོར་མི་ཁྲི་55ཡན་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་རིམ་རྩིས་བྱས་ན་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་160ལྷག་ཙམ་བྱུང་བས། གསོ་སྦྱོང་དང་ལས་ཞུགས་འགན་ལེན་གྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་མ་ཟད། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    གོམ་སྟབས་དང་པོ། གསོ་སྦྱོང་གི་འདོད་མཐུན་མཐིལ་རྟོགས་ཁ་གསལ་བྱས་པ།

    མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཡོངས་ཀྱི་ཤང(གྲོང་རྡལ)ཁག་གིས་ལས་དོན་མི་སྣ་མངགས་གཏོང་བྱས་ཏེ་ཞིང་འབྲོག་མང་ཚོགས་ཁྲོད་བསྐྱོད་ནས་བརྟག་དཔྱད་མཐིལ་རྟོགས་དང་། གསོ་སྦྱོང་གི་འདོད་མཐུན་བསྡུ་རུབ། རིགས་དབྱེ་གསལ་འགྲེལ་བཅས་བྱས་པ་མ་ཟད། འོག་ནས་གོང་བར་གསོ་སྦྱོང་གི་དགོས་མཁོ་བསྡོམས་རྩིས་ཕྱོགས་སྡོམ་བྱས་པ་དང་གསོ་སྦྱོང་གི་འཆར་གཞི་ཡང་བཟོས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གི་དགོས་མཁོའི་གྲངས་འབོར་ལོ་རེ་བཞིན་འཕར་བ་དང་། རིམ་པ་ཁག་གིས་གསོ་སྦྱོང་གི་ཁ་གསབ་སྒོར་དུང་ཕྱུར་4.2ལྷག་ཙམ་དོན་འཁྱོལ་བྱས་པ། སློབ་ཡོན་མི་དགོས་པར་རིགས་ཁག་གི་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གཉེར་བ་བཅས་བྱས་པར་བརྟེན་ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་ནུས་ལྡན་ངང་གོང་མཐོར་ཕྱིན་ཡོད།

    སྙེ་མོ་རྫོང་སྙེ་མོ་ཤང་གི་ལས་ཞུགས་གསོ་སྦྱོང་དྲིལ་བསྒྲགས་ཀྱི་ཁྲིད་སྟོན་འོག་སློབ་ཆུང་གི་རིག་གནས་ཆུ་ཚད་ལས་མེད་པའི་ལྷ་མོས་ཟ་ཁང་གི་ཞབས་ཞུ་བའི་ལས་ཀ་དོར་ནས་2019ལོའི་ཟླ་4པར་རྫོང་མི་སྤྱི་ཅུས་ཀྱིས་གཉེར་བའི་རྒྱ་ཟས་མ་བྱན་གསོ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་པ་རེད། གསོ་སྦྱོང་ལ་ཞུགས་པ་བརྒྱུད་ལྷ་མོར་རྒྱ་ཟས་མ་བྱན་གྱི་དམའ་རིམ་ལས་རིགས་ཐོབ་ཐང་ལག་ཁྱེར་རག་པ་དང་གསོ་སྦྱོང་སློབ་གྲྭས་ད་ཐེངས་ཀྱི་རྒྱ་ཟས་མ་བྱན་གསོ་སྦྱོང་འཛིན་གྲྭའི་ཕུལ་བྱུང་སློབ་མར་ཡང་བདམས་པ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས་ལྷ་མོས་ཕ་ཡུལ་དུ་བོད་ཟས་ཁང་ཞིག་བཙུགས་པར་ཟླ་རེར་ཡོང་འབབ་སྒོར་9000ཡན་ཟིན་ནས་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།

    གོམ་སྟབས་གཉིས་པ། ལས་གནས་སྦྲེལ་མཐུད་ཡག་པོ་བྱས་པ།

    གསོ་སྦྱོང་གནད་སྨིན་ཐུབ་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཞིང་འབྲོག་པའི་གསོ་སྦྱོང་ཁྲོད་ཁེ་ལས་ཀྱི་ནུས་པ་མངོན་པ་བྱ་ཆེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མང་ཚོགས་ཀྱི་གསོ་སྦྱོང་འདོད་མཐུན་ལ་གཞིགས་ནས་བོད་སྡོད་ཀྲུང་དབྱང་ཁེ་ལས་དང་། ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས། དམངས་གཉེར་ཁེ་ལས་སོགས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སྔོན་ལ་ལས་གནས་གཏན་འཁེལ་དང་རྗེས་སུ་གསོ་སྦྱོང་བྱེད་པའི་བྱེད་ཐབས་སྤྱད་པ་དང་། ལྗོངས་ཡོངས་ཀྱི་རིགས་ཁག་གི་གསོ་སྦྱོང་ལས་སྟེགས་ལ་བརྟེན་པ། “མངགས་ཐོའི་ཁ་ཕྱོགས་གཏན་འཁེལ་རྣམ་པའི”གསོ་སྦྱོང་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ། གསོ་སྦྱོང་དང་། ལས་ཞུགས། འབབ་འཕར་བཅས་གཞི་གཅིག་ཅན་གྱི་ལས་ཀའི་ལམ་སྲོལ་རིམ་བཞིན་འཛུགས་པ་བཅས་བྱས་པར་བརྟེན་ཞིང་འབྲོག་པའི་རྩལ་ནུས་ལས་ཞུགས་དང་ལས་ཞུགས་བརྟན་པོར་སྐུལ་མ་ནུས་ལྡན་ཐེབས་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་མི་གྲངས་3300ཡི་ཇའི་ཐོན་ལས་དང་། བོད་ཕག་ཐོན་ལས། ནགས་ཤིང་ཐོན་ལས། ཡུལ་སྐོར་ཐོན་ལས་བཅས་ཀྱི“ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི”ལས་དོན་སྤེལ་ནས་ཞིང་འབྲོག་མང་ཚོགས་གསོ་སྦྱོང་བྱེད་ཞོར་དུ་ལས་ཞུགས་ཐུབ་པ་དང་འབྲེལ་ཕ་ཡུལ་གྱི་བཟོ་གྲྭར་ལས་ཀ་བྱེད་པ་དང་། ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་བྱུང་ཡོད།

    2017ལོར་པ་སྣམ་རྫོང་གི་ཞིང་པ་དབང་ཕྱུག་གིས་པ་སྣམ་རྫོང་གིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གཉེར་བའི་གོ་སྐབས་ལ་བརྟེན་ནས། སྔོ་ཚལ་འདེབས་འཛུགས་ཀྱི“མངགས་ཐོ་རྣམ་པའི”རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་མ་ཟད། བོད་ལྗོངས་ཇོ་མོ་གླང་མའི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་ཀར་ཞུགས་ཏེ་སྔོ་ཚལ་འདེབས་འཛུགས་ཀྱི་ལས་ཀ་བྱས་པ་རེད། ད་ཆ་དབང་ཕྱུག་གི་སྔོ་ཚལ་འདེབས་འཛུགས་ལག་རྩལ་དེ་གཞན་གྱིས་སྔོ་ཚལ་ལ་ནད་གང་ཞིག་ཕོག་མིན་བཤད་མ་ཐག་ནད་གཞི་གང་ཞིག་ཕོག་མིན་ཐིག་གི་ཡོད་པ་དང་གླ་ཆ་ཡང་འཕར་ཡོད།

    གོམ་སྟབས་གསུམ་པ། གནད་སྨིན་གསོ་སྦྱོང་དམ་འཛིན་བྱས་པ།

    གནད་སྨིན་ཅན་གྱི་གསོ་སྦྱོང་ནི་སྲོལ་རྒྱུན་གསོ་སྦྱོང་གི་རིམ་སྤོར་ལས་གཞི་ཞིག་ཡིན། རང་ལྗོངས་ཀྱི་མི་སྤྱི་དང་། དབུལ་སྐྱོར། ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་གྱིས་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་དང་། ཞིང་འབྲོག་པའི་གསོ་སྦྱོང་ཁ་གསབ་མ་དངུལ། ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་མ་དངུལ་སོགས་ཆེད་དོན་མ་དངུལ་སྤྱི་འདོམས་དོ་དམ་དང་བེད་སྤྱོད་ཡག་པོ་བྱས་པ་མ་ཟད། ཁྲོམ་ར་སྟོན་ཕྱོགས་སུ་བྱས་ཏེ་ཁེ་ལས་ཀྱི་མི་སྤྱོད་བླང་བྱ་དང་གནད་སྨིན་འབྲེལ་མཐུད་བྱས་པ་དང་མང་ཚོགས་ཀྱི་འདོད་པ་གཞིར་བཟུང་གནད་སྨིན་རྩལ་ནུས་གསོ་སྦྱོང་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་རྒྱ་ཆེར་བཏང་བ་རེད། དེ་དང་ཆབས་ཅིག་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་ཁེ་ལས་སོགས་གསོ་སྦྱོང་ལག་བསྟར་སྒྲིག་གཞི་དང་གསོ་སྦྱོང་གྲོས་མཐུན་བཞག་ནས་གསོ་སྦྱོང་གི་དུས་ཚོད་ལུགས་མཐུན་བཀོད་སྒྲིག་བྱས་པ་མ་ཟད། སྒོ་རྩར་སློབ་ཁྲིད་དང་། “ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ”“མངགས་ཐོའི་ཁ་ཕྱོགས”སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གསོ་སྦྱོང་ཡག་པོ་བྱས་ཡོད།

    མིག་སྔའི་བར་ཡུལ་སྐོར་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཤེས་ལྡན་མི་སྣའི་གསོ་སྦྱོང་གི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་རྫོང(ཆུས)བདུན་དུ་ཁྱིམ་ཚང་མགྲོན་ཁང་གི་ལས་མི་160གསོ་སྦྱོང་བྱས་པ་རེད། དེ་དང་ཆབས་ཅིག“ཁུལ་གཅིག་དང་རྟེན་གཞི་བཞི”ཡི་འཛུགས་སྐྲུན་དགོས་མཁོར་དམིགས་ཏེ“སློབ་གསོ་གཤམ་སྤེལ”གྱི་གསོ་སྦྱོང་ལས་དོན་སྤེལ་ནས་ཞིང་འབྲོག་ལས་ཀྱི་ཉེར་སྤྱོད་ལག་རྩལ་ཤེས་ལྡན་མི་སྣ་2000ཙམ་གསོ་སྦྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།