དབུ་ཤོག>ཆེད་སྒྲིག
  • དུད་ཚང་ཚང་མར་ཡོང་འབབ་ཡོད་པ་དང་ལོ་ལྟར་ཁེ་སྤོགས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-12-15

    794525_yis_1607921472818_s.jpg

    འདི་ནི་གྲོ་མོ་རྫོང་དུད་སྣ་ཤང་ཇོ་མོ་གླང་མ་ལུག་ཆེད་ལས་གསོ་ཚགས་མཉམ་ལས་ཁང་གི་ལས་མིས་ལུག་ལ་གཟན་པ་སྟེར་བཞིན་པ། 

    དགུན་ཨ་རང་ད་རང་གི་དུས་སུ། གྲོ་མོ་རྫོང་གི་མཚོ་འགྲམ་དུ་ཆགས་པའི་དུད་སྣ་ཤང་རྒུར་རུ་གྲོང་ཚོར་དེ་བས་གྲང་ངར་ཆེ་རུང་། གྲོ་མོ་རྫོང་དུད་སྣ་ཤང་ཇོ་མོ་གླང་མའི་ལུག་ཆེད་ལས་གསོ་ཚགས་མཉམ་ལས་ཁང་དུ་སྐྱོད་སྐབས་མི་རྣམས་ལས་ལ་བྲེལ་བཞིན་པ་སྟེ། མཉམ་ལས་ཁང་གི་ལས་མི་ལ་ལས་གཟན་ཆག་དབོར་བ་དང་། ལ་ལས་ལྷས་རར་གད་རྒྱག་པ། ལ་ལས་ལུག་ལ་ལྟོ་སྟེར་བཞིན་མཆིས།

    དུད་སྣ་ཤང་རྒུར་རུ་གྲོང་ཚོ་ནི་སྲོལ་རྒྱུན་གྱི་འབྲོག་ལས་གྲོང་ཚོ་ཞིག་རེད། དུས་ཡུན་རིང་བའི་རགས་ལས་ཅན་གྱི་ཐ་ཐོར་རྣམ་པའི་གསོ་ཚགས་བྱེད་སྟངས་ལས་དེ་གའི་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཚབས་ཆེན་ཕོག་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་1200བཏང་ནས་རྒུར་རུ་གྲོང་ཚོར་གྲོ་མོ་རྫོང་དུད་སྣ་ཤང་ཇོ་མོ་གླང་མའི་ལུག་ཆེད་ལས་གསོ་ཚགས་མཉམ་ལས་ཁང་བཙུགས་ཤིང་། མཉམ་ལས་ཁང་གིས“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ། ཇོ་མོ་གླང་མའི་ལུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དུད་ཚང་ཚང་མར་ཡོང་འབབ་ཡོད་པ་དང་ལོ་ལྟར་ཁེ་སྤོཌ་ཡོད་པ་བྱས་ཡོད།

    རྒུར་རུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཉམ་ལས་ཁང་གི་འགན་འཁུར་བ་ལྷག་པ་ཕུན་ཚོགས་ཀྱིས། གྲོ་མོ་རྫོང་དུད་སྣ་ཤང་ཇོ་མོ་གླང་མ་ལུག་ཆེད་ལས་གསོ་ཚགས་མཉམ་ལས་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་900ཟིན་པ་དང་། 2018ལོར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་ལོ་ཧྲིལ་པོའི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་102ཟིན་པ། ས་གནས་དེ་གའི་མང་ཚོགས་10ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ། རྒུར་རུ་གྲོང་ཚོའི་མང་ཚོགས་དུད་ཚང་75ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་ཅེས་བརྗོད།

    “དེ་སྔ་བསམ་བློའི་འདུ་ཤེས་རྗེས་ལུས་ཡིན་པར་བརྟེན། ཁྱིམ་ཚང་ཚང་མས་ལུག་ཁ་ཤས་སམ་ཡང་ན་བཅུ་གྲངས་མ་གཏོགས་གསོ་ཚགས་བྱེད་ཀྱི་མེད་པ་དང་། གསོ་ཚགས་གཞི་ཁྱོན་ཆུང་བ། འཚོང་སྐབས་རིན་གོང་དམའ་པོ་ལས་རག་གི་མེད་པ་མ་ཟད། ད་དུང་འབྲོག་པ་མང་ཚོགས་ཀྱིས་ལུག་ལ་དུས་ཐོག་ཏུ་ནད་གཞི་སྔོན་འགོག་ཀྱང་བྱེད་མི་ཐུབ་པས། ལུག་སྐྱེ་ཚད་དང་གསོན་ཚད་འགན་ལེན་བྱེད་ཐབས་བྲལ་ཡོད”ཅེས་གྲོང་མི་ལྷ་དབང་ཚེ་རིང་གིས་བརྗོད།

    2019ལོ་ནས་བཟུང་། ལྷ་དབང་ཚེ་རིང་གིས་རང་ཁྱིམ་གྱི་ལུག་ཕྲུག་15དངུལ་ལ་ཕབ་སྟེ་རྐང་ཞུགས་རྣམ་པའི་ཐོག་ནས་མཉམ་ལས་ཁང་ནང་ཞུགས་ཡོད། ཁོ་པ་རང་ཉིད་ཀྱང་མཉམ་ལས་ཁང་དུ་ལས་ཀ་བྱེད་པར་བསྐྱོད་པར་ཉིན་ལྟར་ཡོང་འབབ་སྒོར་120ཡོང་གི་ཡོད།

    “ལོ་དང་པོར་རང་ཉིད་ལ་ཁེ་སྤོགས་སྒོར་3500ཙམ་རག་པའི་ཐོག་ཉིན་ལྟར་གྱི་གླ་ཆ་བརྩིས་ན། ངའི་ཁྱིམ་གྱི་ལོ་གཅིག་གི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་5ཙམ་ཟིན་གྱི་འདུག གསོ་ཚགས་མཉམ་ལས་ཁང་བཙུགས་རྗེས། གྲོང་ཚོ་ནས་ཕྱིར་གླ་པར་འགྲོ་མཁན་ཡང་མང་དུ་ཕྱིན་པ་མ་ཟད། ད་དུང་ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་བརྒྱབ་པ་བརྩིས་ན། གྲོང་མིའི་ཡོང་འབབ་དེ་སྔོན་ལས་མང་དུ་ཕྱིན་པས་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་འདུག”ཅེས་ལྷ་དབང་ཚེ་རིང་གིས་དགའ་ཚོར་ཆེན་པོས་བརྗོད།

    གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་ཆེད། འདི་ལོ་གྲོ་མོ་རྫོང་དུད་སྣ་ཤང་ཇོ་མོ་གླང་མ་ལུག་ཆེད་ལས་གསོ་ཚགས་མཉམ་ལས་ཁང་གིས་བགོ་བཤའི་ལམ་ལུགས་སྒྱུར་བཅོས་བྱས་ནས་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་བཙུགས་ཡོད། དུད་སྣ་ཤང་ཇོ་མོ་གླང་མ་ལུག་ཆེད་ལས་གསོ་ཚགས་མཉམ་ཁང་རྟེན་གཞིར་བྱས་ནས། “གཅིག་གིས་བཅུའི་སྣེ་ཁྲིད་པའི”དཔུང་སྒྲིག་རྣམ་པའི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ། དུད་སྣ་ཤང་དང་དགྱེས་རུ་ཤང་གི་མཉམ་ལས་ཁང་10ཡིས་གཞི་ཁྱོན་གསོ་ཚགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ཟླ་10པའི་བར། མཉམ་ལས་ཁང་གིས་ཡན་ལག་ཁང་བཅུ་10ནས་བཤས་ལུག་7500ལྷག་ཙམ་ཉོས་ནས་བཙོངས་པར་ཁྱོན་དངུལ་སྒོར་ཁྲི་520བྱུང་བ་དང་། ཁེ་གཙང་ཡོང་འབབ་སྒོར་ཁྲི་130ཟིན་པ། དུད་སྣ་ཤང་དང་དགྱེས་རུ་ཤང་གི་གྲོང་མི་300ལྷག་ཙམ་ལས་ཞུགས་ཐུབ་པ། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8000ཙམ་བྱུང་ཡོད།

    “གོམ་སྟབས་རྗེས་མར། གྲོ་མོ་རྫོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་དང་ཟུང་འབྲེལ་བྱེད་པ། ཁྱད་ལྡན་ཐོན་ལས་ལ་དམིགས་པ། ལྗང་མདོག་དང་སྣོད་བཅུད་ཀྱི་ལུག་དང་། གྲོ་མོའི་ཉ། འབྲི་གཡག་སོགས་ཀྱི་རྟེན་གཞི་ནུས་ཤུགས་ཡོད་རྒུས་གཏོད་པ། མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་ཐད་གྲངས་འབོར་མང་དུ་གཏོང་བ་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུའི་བར་སྐུལ་འདེད་གཏོང་བ། ཐོན་ནུས་སྔར་བས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཞིང་འབྲོག་པ་ཕྱུག་འགྱུར་ལམ་བུར་བསྐྱོད་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་ལ། གྲོང་གསེབ་དར་རྒྱས་འགྲོ་རྒྱུར་ཡང་རོགས་རམ་བྱ་རྒྱུ་ཡིན”ཞེས་གྲོ་མོ་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུར་བུ་ཆུང་བདག་གིས་གསར་འགོད་པར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།