དབུ་ཤོག>ཆེད་སྒྲིག
  • ཆེད་ལས་མཉམ་ལས་ཁང་གིས་བོད་ཀྱི་ཞིང་འབྲོག་པ་ཁྲི་53ལྷག་ཙམ་ལ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སྐལ་བཟང་དཔལ་འབྱོར་དང་སྐལ་བཟང་རྣམ་རྒྱལ།   |     སྤེལ་དུས།  2020-12-13

    ■ བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་བཙུགས་ཏེ་སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བ་རེད། མཚོ་ཁ་གྲོང་རྡལ་དུ་ནུས་ཆེའི་ཉི་འོད་དྲོད་ཁང་185བསྐྲུན་པར་ལོར་སྔོ་ཚལ་ཐོན་ཚད་ཏུན་300ལྷག་ཙམ་དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་310ལྷག་ཙམ་ཟིན་ནས་དུད་ཚང་195ཡི་མི་975ལ་ཕན་པ་ཐོབ་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་78ཀྱི་མི་339ཡོད།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་གྱི་དྲོད་ཁང་ཆེ་མོའི་ནང་། ཞིང་པ་བཀྲ་ཤིས་སྒྲོལ་དཀར་གྱིས་མེ་ཏོག་ཕོ་ཟེ་མོ་ཟེ་ལ་བྱུགས་ཏེ་ཞི་ཧུའུ་ལུའུ་ཡི་ཟེའུ་འབྲུ་ཕོ་མོ་སྡེབ་སྦྱོར་བྱེད་བཞིན་ཡོད།

    “ད་ཆ་མཉམ་ལས་ཁང་གིས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་མཉམ་ལས་བྱས་ཏེ། ང་ཚོ་ཞིང་འབྲོག་པར་ཐོན་སྐྱེད་ལག་རྩལ་བསླབས་པ་མ་ཟད། བྲིན་ཚོང་གི་གནད་དོན་ཡང་ཐག་གཅོད་བྱས་བྱུང་། ངའི་ཁྱིམ་ལ་དྲོད་ཁང་ཆེ་མོ་5ཡོད། དྲོད་ཁང་ཆེ་མོ་རེ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་འདུག”ཅེས་བཀྲ་ཤིས་སྒྲོལ་དཀར་གྱིས་བརྗོད། ཀྲོ་མ་ཀྲུ་དང་། ཧོང་ཀྭ། སུར་པན། ནན་ཀྭ་སོགས་ཚང་མ་ནི་བཀྲ་ཤིས་སྒྲོལ་དཀར་གྱིས་རྩལ་ནུས་གསོ་སྦྱོང་ནས་འདེབས་སྟངས་ཤེས་ཏེ་བཏབ་པ་ཤ་སྟག་རེད།

    དཔལ་འབར་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་དབང་གྲགས་ཀྱིས། ཉེ་བའི་ལོ་ཤས་རིང་། དཔལ་འབར་རྫོང་གིས་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་བཙུགས་ཏེ་སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ཡོད། མཚོ་ཁ་གྲོང་རྡལ་དུ་ནུས་ཆེའི་ཉི་འོད་དྲོད་ཁང་185བསྐྲུན་པར་ལོར་སྔོ་ཚལ་ཐོན་ཚད་ཏུན་300ལྷག་ཙམ་དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་310ལྷག་ཙམ་ཟིན་ནས་དུད་ཚང་195ཡི་མི་975ལ་ཕན་པ་ཐོབ་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་78ཀྱི་མི་339ཡོད་ཅེས་བརྗོད།

    བོད་ཀྱི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོས་སྔོན་ཆད་ཁྱིམ་ཚང་ཚན་པར་བྱས་པས་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་། ཚོང་ཟོག་ཅན་དུ་འགྱུར་ཚད་དམའ་བ། ཁྲོམ་རའི་འགྲན་རྩོད་ནུས་པ་ཞན་པ། ཉེན་ཁ་འགོག་ནུས་ཞན་པ་བཅས་ཀྱི་སྐྱོན་ཆ་ཡོད།

    དེར་བརྟེན་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་རིང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་ཁ་ཕྱོགས་ནས། ཡུལ་བབ་དང་བསྟུན་ཏེ་འདེབས་འཛུགས་ལས་རིགས་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས། ཟོག་འགྲེམས་སྐྱེལ་འདྲེན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས་མཉམ་ལས་ཁང་སྒྲིག་འཛུགས་བྱས་ནས་བཙུགས་པ་དང་། མཉམ་ལས་ཁང་ཚད་ལྡན་ངང་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། རོགས་སྐྱོར་ཁྲིད་སྟོན། སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་སྐྱེད་སྲིང་། ཁྲོམ་ར་རྒྱ་སྐྱེད། སྤུས་རྟགས་གཏོད་པ་སོགས་ཀྱི་ལས་དོན་སྒྲུབ་ནུས་མུ་མཐུད་ཆེ་རུ་བཏང་བ་རེད།

    ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་འཕེལ་རྒྱས་བཏང་བས་མཉམ་ལས་ཁང་དུ་ཞུགས་པའི་ཞིང་འབྲོག་པའི་སྔོན་ཆད་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བྱུང་ནས་ཞིང་འབྲོག་པའི་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།

    བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གྲོང་གསེབ་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་ཁྲུའི་ཁྲུའུ་ཀྲང་ཚེ་རིང་དབང་མོས། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དར་རྒྱས་ཕྱིན་པ་དེས་བོད་ཀྱི་ཞིང་འབྲོག་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་ཐོན་སྐྱེད་ཀྱི་ཧུར་སེམས་ཧ་ཅང་ཆེ་རུ་ཕྱིན་པ་དང་། ཞིང་འབྲོག་ལས་ཐོན་སྐྱེད་ཆེད་ལས་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་ཆུ་ཚད་ཇེ་མཐོར་སོང་བ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ནས། བོད་ལྗོངས་ཁྱོན་ཡོངས་དབུལ་པོ་དབུལ་རྐྱང་ལས་སྒྲོལ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བརྗོད།

    བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་སྙན་ཞུའི་ནང་མངོན་པར་གཞིགས་ན། 2019ལོའི་ལོ་མཇུག་བར་བོད་ལྗོངས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་13726བཙུགས་པ་དེ་ལོ་གོང་མའི་དུས་མཚུངས་ལས་58.8%འཕར་བ་དང་། དུད་ཚང་164749དང་མི་537159མཉམ་ལས་ཁང་ནང་ཞུགས་པ། མཉམ་ལས་ཁང་གིས་དུད་ཚང་77632དང་མི་213830ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།