འདམ་གཞུང་རྫོང་ལུང་རིང་ཤང་གི་ལོ་22ལ་སླེབས་པའི་ཚེ་བརྟན་སྒྲོལ་དཀར་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་དུ་ལས་ཀར་སླེབས་ནས་ཟླ་བ་ལྔ་ཙམ་འགྲོ་གི་ཡོད། ད་ཆ་ཁོང་འབྱུང་འགྱུར་ལ་ཡིད་ཆེས་དང་རེ་བས་ཁེངས་ནས་ཡོད། ཚེ་བརྟན་སྒྲོལ་དཀར་གྱིས་ཐོན་སྐྱེད་འཁོར་ཁང་གི་ཚོད་འཛིན་ཁང་གི་གློག་ཀླད་མདུན་དུ་བསྡད་པ་དང་། སྐབས་རེ་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ཤེལ་ཆེན་པོར་ལྟ་བ། ཡང་སྐབས་རེ་གློག་ཀླད་ཐོག་ཡིག་འབྲུ་མང་པོ་ཟིན་ཐོ་འགོད་ཀྱི་ཡོད། ཁོང་དེ་གར་སླེབས་ནས་དུས་ཚོད་རིང་པོ་སོང་མེད་རུང་ལས་ཀ་བྱང་ཆུབ་པོ་ཆགས་ཡོད།
བོད་ལྗོངས་འདམ་གཞུང་ནས་མཚོ་སྔོན་གྱི་གོར་མོར་ལས་ཀར་འགྲོ་མཁན་འབྲོག་ཁུལ་གྱི་བུ་མོ་ཚེ་བརྟན་སྒྲོལ་དཀར་ཁོ་ན་ག་ལ་ཡིན། བོད་ཀྱི་ཞིང་འབྲོག་ཁུལ་ནས་ཞིང་ཆེན་སྒྲོལ་ཏེ་ལས་ཀར་འགྲོ་མཁན་དཔེར་ན། བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་དུ་ལས་ཀར་འགྲོ་མཁན་མང་པོ་ཡོད། དེ་ནས་གསར་འགོད་པས་ཕུགས་འདུན་དང་། འབྱུང་འགྱུར། དེ་བཞིན་བདེ་སྐྱིད་བཅས་ཀྱི་གཏམ་རྒྱུད་མང་པོ་ཐོས་བྱུང་།
“ངས་ནང་མི་འཁྲིད་དེ་དབུལ་སྒྲོལ་ཐུབ་པ་བྱེད་རྒྱུ་ཡིན”
འབྲོག་ཁུལ་ནས་ཁ་བྲལ་བ་དང་། ད་དུང་ལས་ཀ་ཡག་པོ་ཞིག་རག་ནས་ཡོང་འབབ་ཀྱང་མི་དམན་པ་ཡོད་པ་མ་ཟད། ད་དུང་ཁྲོ་ཐབ་ཚོགས་ཆུང་གི་ཙུའུ་ཀྲང་དུའང་གྱུར། དེ་ནི་ཉེ་དུས་འགྱུར་མེད་ཆོས་འཕེལ་གྱིས་སྤོབས་པ་བྱེད་པའི་བྱ་བ་ཞིག་རེད།
ལོ་25ལ་སླེབས་པའི་འགྱུར་མེད་ཆོས་འཕེལ་ནི་འདམ་གཞུང་རྫོང་གནམ་མཚོ་ཤང་ནས་ཡིན་པ་དང་། ཁོང་གི་མི་ཚེའི་ལམ་བུ་བློ་འདོད་ལྟར་བྱུང་མེད་པ་སྟེ། དམའ་འབྲིང་ཐོན་རྗེས་ཕ་ཡུལ་ནས་བྲལ་ཏེ་གཞིས་རྩེ་དང་ནག་ཆུ་སོགས་ཀྱི་གཏེར་ཁུལ་དུ་ལས་ཀར་འགྲོ་མྱོང་བ་དང་། དེ་དུས་ལས་ཀ་བརྟན་པོ་མེད་པའི་ཁར་ཕར་འགྲོ་ཚུར་འོང་བྱེད་དགོས་པས་ཡོང་འབབ་ཡག་པོ་མེད། རང་ཉིད་ཀྱི་འཚོ་བར་ཡང་སེམས་ཁྲལ་ཡོད་པས་ཁྱིམ་ཚང་ལ་ལྟ་རྟོག་བྱ་རྒྱུ་ནི་ཉིན་མོའི་རྨི་ལམ་ཙམ་ཡིན། དེའི་རྐྱེན་གྱིས་སྐབས་ཤིག་རིང་འགྱུར་མེད་ཆོས་འཕེལ་དཀའ་ངལ་གྱི་གནས་སུ་གྱར།
འགྱུར་མེད་ཆོས་འཕེལ་འུ་ཐུག་ཐབས་ཟད་ཀྱི་དུས་ཏེ། འདི་ལོའི་ཟླ་བདུན་པར་བོད་ལྗོངས་ཐང་ནཱ་དཀར་རག་གི་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིས་ཁོང་ལ་རོགས་རམ་བྱས་པ་དང་། དུས་དེ་ནས་བཟུང་ཁོང་ལ་ལས་ཀ་བརྟན་པོ་ཞིག་རག་ཡོད།
བོད་ལྗོངས་ཐང་ནཱ་དཀར་རག་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སི་ནི་མཚོ་སྔོན་གྱི་གོར་མོ་གྲོང་ཁྱེར་གྱི་བོད་དང་མཚོ་སྔོན་བཟོ་ལས་གླིང་དུ་ཆགས་ཤིང་། དེ་ནི་བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱིས་གཙོ་གནད་དུ་ནང་འདྲེན་བྱས་པའི་ཁེ་ལས་ཤིག་ཡིན་པ་དང་། འདམ་གཞུང་རྫོང་དམངས་ཕྱུག་གཞུང་ཁོངས་གཏེར་ལས་ཚད་ཡོད་ཀུང་སི་དང་སི་ཁྲོན་ཧྭ་ཧུང་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིས་མཉམ་དུ་བཙུགས་པ་ཞིག་རེད།
འདམ་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་དང་ཞིང་འབྲོག་པ་ཕྱུག་འགྱུར་གྱི་གཙོ་གནད་ཐོན་ལས་ཤིག་གི་ངོས་ནས། ཀུང་སིས་འདམ་གཞུང་རྫོང་གི་ཞིང་འབྲོག་པར་ལས་ཞུགས་ལས་གནས་གཅིག་སྡུད་སྤྲད་དེ་འདམ་གཞུང་ཐོན་ཁུངས་ཀྱིས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་པ་རེད། མིག་སྔར་ཀུང་སིས་འདམ་གཞུང་རྫོང་གི་ཞིང་འབྲོག་པ་40ལྷག་ཙམ་ལས་ཀར་བཅུག་པ་དང་། དེའི་གྲས་སུ་དུད་ཚང་དབུལ་པོའི་ལས་མི་30ལྷག་ཙམ་ཡོད།
གོ་སྐབས་བཟང་པོ་འདི་འདྲ་ཕྲད་པས་འགྱུར་མེད་ཆོས་འཕེལ་གྱི་འཚོ་བར་འགྱུར་ལྡོག་འགྲོ་འགོ་ཚུགས། “འདི་ནས་ཁྱིམ་དང་ས་ཐག་རིང་ཡང་ལས་ཀ་བརྟན་པོ་ཡོད་པའི་ཁར། ཡོང་འབབ་ཀྱང་ཡག་པོ་འདུག་པས། སྔོན་ཆད་ལྟར་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་མེད”ཅེས་འགྱུར་མེད་ཆོས་འཕེལ་གྱིས་འཛུམ་དམུལ་དམུལ་ངང་བཤད། ཁྱིམ་གྱི་ཕྲུ་གུ་ཆུང་ཤོས་དང་ཕྱོགས་ལ་ཐོན་མཁན་གཅིག་པུའི་ཆ་ནས་འགྱུར་མེད་ཆོས་འཕེལ་གྱིས། འབྱུང་འགྱུར་ངས་ནང་མི་གཞན་དག་མཉམ་དུ་ལས་ཀར་ཁྲིད་དེ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཕྱུག་པོར་གྱུར་པར་བྱས་ཏེ་ནང་མི་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་གི་ཡིན་ཞེས་གསར་འགོད་པར་བཤད་བྱུང་།
“ལས་ཀར་མདུན་ལམ་བཟང་པོ་ཡོད་པས་འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས་ནས་ཡོད”
“འདི་གར་ལས་ཀ་བྱས་ན་ཟླ་གཅིག་ལ་ཡོང་འབབ་ག་ཚོད་འདུག”ཅེས་གསར་འགོད་པས་ཚེ་བརྟན་སྒྲོལ་དཀར་ལ་དྲིས།
“ཐོག་མར་འདི་གར་ཡོང་སྐབས་སྒོར་4000ལྷག་ཙམ་འདུག ཟླ་གཉིས་གསུམ་ཕྱིན་རྗེས་ལས་གནས་གླ་ཕོགས་སྒོར་2000ཙམ་སྤྲད་པ་བསྡོམས་ད་ཆ་ཟླ་གཅིག་ལ་སྒོར་6000ལྷག་ཙམ་འདུག”ཅེས་ཚེ་བརྟན་སྒྲོལ་དཀར་གྱིས་བློ་ཡིད་ཚིམ་པོས་དེ་ལྟར་བཤད།
གསར་འགོད་པས་དངོས་སྦྱོང་བཟོ་པ་ནས་བཟོ་པ་དངོས་སུ་བསྒྱུར་རྗེས་ཀུང་སིས་གླ་ཆ་དེ་བས་མཐོ་བ་སྤྲོད་ཀྱི་ཡོད་པ་ཤེས་བྱུང་།
ཚེ་བརྟན་སྒྲོལ་དཀར་གྱི་ངོས་ནས་བརྗོད་ན་གླ་ཆ་དེ་ནི་དམའ་པོ་ཞིག་ག་ལ་ཡིན། “ཡོང་འབབ་འདི་འདྲ་དེ་སྔོན་བསམས་ཀྱང་བསམ་མ་ཕོད་པ་ཞིག་རེད། འདི་གར་སླེབས་མ་ཐག་ལམ་སེང་ལེན་རྒྱུ་རག་བྱུང”
སྐད་ཆ་ཞིབ་ཕྲ་འདྲི་སྐབས་དེ་སྔོན་ཚེ་བརྟན་སྒྲོལ་དཀར་ཡང་འགྱུར་མེད་ཆོས་འཕེལ་དང་འདྲ་བར་ཨར་པོ་རྒྱུག་མཁན་རེད་འདུག་པས། དཀའ་བ་མང་པོ་མྱངས་ཟིན་འདུག གྲུང་ཤ་དོད་པའི་བུ་མོ་དེའི་ངོས་ནས་བརྗོད་ན་ལས་ཀ་བརྟན་པོ་ཞིག་དང་ཡོང་འབབ་མི་དམན་པ་ཞིག་རག་པ་བྱ་རྒྱུ་ནི་ཁོ་མོའི་འདུན་པ་ཆེ་ཤོས་རེད།
“ཁྱེད་རང་ག་རེའི་རྐྱེན་གྱིས་འདི་གར་ལས་ཀ་འཚོལ་བར་ཡོང་བ་ཡིན་ནམ”ཞེས་གསར་འགོད་པས་འདྲི་སྐབས།
“གྲོང་ཚོར་བརྡ་ཐོ་འབྱོར་བྱུང་། ཀུང་སི་འདི་ནི་གསར་དུ་བཙུགས་པ་ཞིག་ཡིན་པ་དང་། འདམ་གཞུང་རང་གི་མི་ཆེད་མངགས་བསྡུ་གི་ཡོད་པ་མ་ཟད། གླ་ཆ་ཡང་མཐོ་པོ་ཡོད་པ་གོ་ཐོས་བྱུང་བས་ངས་མིང་ཐོ་བཀོད་པ་ཡིན”ཞེས་བཤད་བྱུང་།
“ས་ཐག་རིང་པོ་ནས་ཀུང་སི་འདིར་ལས་ཀར་ཡོང་དོན་གང་ཡིན་ནམ”ཞེས་འདྲི་སྐབས།
ཚེ་བརྟན་སྒྲོལ་དཀར་གྱིས“འགན་བཅོལ་ལྔ་དང་མ་དངུལ་གཅིག་ཡོད་པས་རེད། སྔོན་ཆད་ཨར་པོ་རྒྱུག་པར་འགྲོ་སྐབས་འགན་བཅོལ་ལྔ་དང་མ་དངུལ་གཅིག་འཇལ་མཁན་མེད་པས་འགན་ལེན་གཏན་ནས་མེད། འདི་གར་འགན་བཅོལ་ཚང་མ་ཡོད་པ་མ་ཟད། ད་དུང་ཕུགས་ལ་འགན་ལེན་འདུག་པས་ལས་ཀ་བྱེད་དུས་ཧུར་སེམས་ཆེན་པོ་འདུག”ཅེས་ཐད་ཀར་བཤད་བྱུང་།
ད་ཆ་ཚེ་བརྟན་སྒྲོལ་དཀར་ལས་གནས་གསར་པར་འཕྲོད་པོ་བྱུང་ནས་ལས་ཀའི་འཇོན་ཐང་ཡང་ཆེ་རུ་ཕྱིན་ཡོད། ཁོང་གིས་འབྱུང་འགྱུར་འཚོ་བར་རེ་བས་ཁེངས་བཞིན“ངས་འདི་གར་ལས་ཡག་པོ་བྱེད་ཀྱི་ཡིན། འབྱུང་འགྱུར་འཚོ་བ་དེ་བས་བདེ་སྐྱིད་དུ་ལྡན་པ་ཞིག་ཡོང་ངེས་རེད”ཅེས་བཤད་བྱུང་།
“ལག་རྩལ་ཡག་པོ་སྦྱངས་རྗེས་འབྱུང་འགྱུར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་ཀྱི་ཡིན”
ལོ་24ལ་སླེབས་པའི་བསྟན་འཛིན་སྒྲོལ་དཀར་ནི་འདམ་གཞུང་རྫོང་ཀོང་ཐང་ཤང་ནས་ཡིན་པ་དང་། 2019ལོར་བོད་ལྗོངས་སློབ་ཆེན་ནས་ཐོན། སློབ་མཐར་ཕྱིན་རྗེས་བསྟན་འཛིན་སྒྲོལ་དཀར་གྱིས་ལྷ་སའི་བརྡ་ཁྱབ་ཀུང་སི་ཞིག་ཏུ་ལས་ཀ་བྱེད་མྱོང་ཡོད། འོན་ཀྱང་ཁོ་མོས་ལས་ཀ་དེར་བློ་ཡིད་ཚིམ་པོ་བྱེད་ཀྱི་མེད། “ཆེད་ལས་དང་མ་མཐུན་པའི་ཁར་ལས་ཀ་ཁག་པོ་ཡོད་ལ་ཉིན་རེའི་ལས་འགན་ཀྱང་མང་བ་དང་གླ་ཆ་ཡང་མཐོ་པོ་མེད”ཅེས་བཤད།
ཕྱིས་སུ་ས་གནས་དེ་གའི་སྲིད་གཞུང་གི་དྲིལ་བསྒྲགས་འོག་བསྟན་འཛིན་སྒྲོལ་དཀར་གྱིས་གོར་མོར་ལས་ཀར་ཕྱིན། “ད་ཆ་ལྗོངས་ནང་ཁུལ་གྱི་མཐོ་སློབ་མང་ཆེ་བའི་སློབ་ཐོན་སློབ་མ་མང་པོ་ཞིག་ལྗོངས་ནང་ཁུལ་དུ་ལས་ཞུགས་བྱེད་པ་ལས་ལྗོངས་ཕྱིར་ལས་ཀར་འགྲོ་མཁན་ཉུང་ཉུང་རེད། ངའི་བསམ་པར་ལྟ་སྟངས་འདི་རིགས་ལ་འགྱུར་ལྡོག་བཏང་ནས་ཕྱི་ཕྱོགས་སུ་བསྐྱོད་དེ་མཐོང་རྒྱ་ཆེ་རུ་གཏོང་གལ་ཆེན་པོ་རེད་སྙམ་གྱི་འདུག”ཅེས་བཤད།
ཕྱི་ཕྱོགས་སུ་བསྐྱོད་ནས་ལྟ་རྒྱ་མཐོང་རྒྱ་ཆེ་རུ་བཏང་སྟེ་རང་ཉིད་ལ་གོ་སྐབས་དེ་བས་མང་བ་སྐྲུན་པ་ནི་བསྟན་འཛིན་སྒྲོལ་དཀར་གྱི་ལས་ཞུགས་ལྟ་བ་རེད། དེར་བརྟེན་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གོར་མོར་སྐྱོད་པའི་མེ་འཁོར་ལ་བསྡད་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་སར་རྡོག་ཐོན་བྱས།
འདམ་གཞུང་རྫོང་གནམ་མཚོ་ཤང་གི་ཨ་སྨིན་དང་བསྟན་འཛིན་སྒྲོལ་དཀར་ཚོད་ལྟ་ཁང་དུ་ལས་ཀ་བྱེད་བཞིན་འདུག གསར་འགོད་པས་ཚོད་ལྟ་ཁང་དུ་བུ་མོ་གཉིས་ཀྱིས་བྱང་ཆ་དོད་པོས་ཚོད་ལྟའི་སྟེགས་བུར་དཀར་རག་གི་ཞིབ་ཚད་རན་པོ་ཡོད་མེད་ལ་ལག་པས་རེག་ནས་ལྟ་བཞིན་ཡོད་པ་མཐོང་བྱུང་། སྟབས་འཁེལ་བ་ཞིག་ལ་ཨ་སྨིན་དང་བསྟན་འཛིན་སྒྲོལ་དཀར་ན་ཟླ་རེད་འདུག ཁོ་གཉིས་ཀུང་སིར་སླེབས་ནས་དུས་ཡུན་རིང་པོ་མ་སོང་བར་ལམ་སེང་གྲོགས་མོར་གྱུར་པ་དང་། ལས་ཀ་དང་འཚོ་བའི་ཐད་ཕར་རོགས་ཚུར་རོགས་བྱེད་ཀྱི་ཡོད། ལས་ཀའི་བར་གསེང་དུ་ཁོ་གཉིས་འཆམ་འཆམ་དུ་འགྲོ་བ་དང་ཞབས་བྲོ་རྒྱག་རྒྱུར་དགའ་པོ་ཡོད།
འཚམས་འདྲི་མཇུག་འགྲིལ་མཚམས་སུ་གསར་འགོད་པས་འབྱུང་འགྱུར་འཆར་གཞི་གང་ཡོད་དམ་ཞེས་འདྲི་སྐབས། ཁོ་གཉིས་ཀྱིས“འདི་གར་ཁོར་ཡུག་ལེགས་ལ་གླ་ཆ་ཡང་མཐོ་པོ་འདུག ལས་ཀ་ཧུར་ཐག་བྱས་ནས་ལག་རྩལ་ཤེས་རྗེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་རྩིས་ཡོད”ཅེས་བཤད་བྱུང་།
འགྱུར་མེད་ཆོས་འཕེལ་དང་། ཚེ་བརྟན་སྒྲོལ་དཀར། བསྟན་འཛིན་སྒྲོལ་དཀར། ཨ་སྨིན་སོགས་ཚང་མ་ནི་ཞིང་འབྲོག་པའི་བུ་ཕྲུག་ཤ་སྟག་རེད། ལས་གནས་དཀྱུས་མའི་སྟེང་ཁོ་ཚོས་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད། ས་ཆ་འདི་ནི་ཁོ་ཚོས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བར་སྐྱོད་སའི་གནས་ཤིག་རེད།