དབུ་ཤོག>ཆེད་སྒྲིག
  • ལྷ་སར་འཚོ་བ་སྐྱེལ་ཐུབ་ཡོང་བསམ་བསམ་མ་བྱུང་།

  •     རྩོམ་པ་པོ།  རྣམ་གླིང་རིན་ཆེན། བསྟན་འཛིན་རྒན་གཞོན། བསོད་ནམས་མཚོ་མོ། བསོད་ནམས་སྟོབས་ལགས།   |     སྤེལ་དུས།  2020-12-11

    ཁྱིམ་ཚང་འགའ་རེའི་ལོའི་ཡོང་འབབ་སྒོར་ཁྲི་20ལྷག་ཟིན་པ།

    ལས་ཞུགས་མི་སྣ་རེའི་ཟླ་རེའི་གླ་ཆ་སྒོར་3500ཡིན་ལ། གནས་སྤོས་མང་ཚོཌ་ལས་ཞུགས་བྱེད་ཚད་98%ཟིན་པ།

    ཚོད་དཔག་བྱས་ན་འདི་ལོར་ཡོང་འབབ་སྒོར་ཁྲི་200ཙམ་ཡོང་རེ་ཡོད་པ།

    793327_yis_1607488995741_s.jpg

    ཆབ་མདོ་ས་ངན་ནས་སྣེའུ་ཁུལ་གསར་དུ་སྤོས་པའི་གྲོང་མི་རྡོ་རྗེ་བསམ་གྲུབ་དང་བཟའ་ཟླ་བུ་ཕྲུག་ཡིན་པ།

    793328_yis_1607488997001_s.jpg

    རྡོ་རྗེ་བསམ་གྲུབ་ཀྱིས་སྡོང་ཕྲུག་ར་བ་གཉེར་སྐྱོང་སྐོར་གྱི་དཔྱད་གཞིའི་ཡིག་ཆར་ལྟ་བཞིན་པ།

    793335_yis_1607489002381_s.jpg

    གནས་སྤོས་མང་ཚོཌ་ཀྱི་བུ་ཕྲུག་ཚོས་བུ་བཅོལ་ཁང་དུ་སློབ་སྦྱོང་བྱེད་བཞིན་པ།

    793332_yis_1607489000341_s.jpg

    གནས་སྤོས་མང་ཚོགས་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཡིན་པ།

    793333_yis_1607489000981_s.jpg

    གནས་སྤོས་མང་ཚོགས་ཀྱིས་ལས་གནས་བརྟན་སྲུང་བྱས་ནས་ཁོར་ཡུག་གཙང་སྦྲ་བྱེད་བཞིན་པ།

    793336_yis_1607489003591_s.jpg

    གནས་མ་སྤོས་གོང་གི་མང་ཚོགས་ཀྱི་སྡོད་ཁང་ཡིན་པ།

    793334_yis_1607489001651_s.jpg

    གནས་སྤོས་རྗེས་ཀྱི་མང་ཚོགས་ཚོའི་སྡོད་ཁང་ཡིན་པ།

    2019ལོའི་ཟླ་12པར་གསར་འགོད་པ་ལྷ་ས་སྣེའུ་ཁུལ་གསར་དུ་ཆགས་པའི་བདེ་སྤྲོ་ཨུ་ཡོན་ལྷན་ཁང་དུ་ཐོག་མར་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་གྲུང་ཤ་ཅི་ཡང་མེད་པར་ཉོབ་མདངས་ཀྱིས་ཁེངས་པའི་གཞོན་སྐྱེས་འགའ་རེས་ཉི་མར་ལྡེ་བཞིན་ཡོད་པའི་སྣང་ཚུལ་དང་། ཉལ་ཁྲི་དང་པང་གཅལ་གྱི་ཐོག་ཏུ་གྱོན་ཆས་དང་ཅ་དངོས་ཙག་ཙིག་གང་སར་སྤུངས་ཏེ་ཟང་ཟིང་དུ་གནས་པའི་གནས་སྤོས་མང་ཚོགས་འགའ་རེའི་ཁང་པའི་ནང་གི་རྣམ་པ། སྣ་ལུད་འཛར་འཛར་ངང་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པའི་བྱིས་པ་འགའི་སྣང་བརྙན་ཡིན་མོད། འདི་ལོའི་ཟླ་12པར་གསར་འགོད་པ་སླར་ཡང་དེ་གར་སྐྱོད་སྐབས། སྔོན་ཆད་གྲུང་ཤ་ཅི་ཡང་མེད་པའི་གཞོན་སྐྱེས་དེ་དག་གར་སོང་ཆ་མེད་དུ་སོང་བ་ལྟར་མཐོང་ལམ་དུ་མེད་ཅིང་། ད་ཐེངས་བཅར་འདྲི་བྱེད་ཡུལ་རྡོ་རྗེ་བསམ་གྲུབ་ཀྱི་ཁྱིམ་དུ་འཛུལ་དུས། སྔོན་ཆད་ལྟར་གྱི་གཙང་སྦྲ་ཞན་པའི་ཟང་ཟིང་གི་གཡའ་གཏན་ནས་མཐོང་རྒྱུ་མེད་ལ། འོད་ཐིང་ཐིང་གི་པང་གཅལ་དང་། སྣུམ་ཤིག་ཤིག་གི་བང་ཁྲི་དང་། ཆ་སྒམ། ཅོག་ཙེ། ད་དུང་སྤུས་དག་པའི་གདན་ཆས་སོགས་མཐོང་དུས། གསར་འགོད་པའི་སྣང་བར་དུས་ཐུང་ལོ་གཅིག་ལས་མ་འདས་ཀྱང་། གནས་སྤོས་མང་ཚོགས་ཚོའི་འཚོ་བར་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ཁོང་ཚོས་ལྷ་སའི་གྲོང་མི་གཞན་དང་འདྲ་བར་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་བཞིན་མཆིས།

    ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་དེའི་མང་ཚོགས་གསོ་མི་ཐུབ་པའི་གནས་ཚུལ་འོག རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་བླང་བྱ་ལྟར་ས་བབ་མཐོ་བ་དང་། གནམ་གཤིས་ཀྱི་ཆ་རྐྱེན་ཞན་པ། ཐོན་ཁུངས་དཀོན་པ། རང་བྱུང་གནོད་འཚེ་མང་བ། སློབ་གསོ་དང་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པ། འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་ས་ངན་གྱི་མང་ཚོགས་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་ཅུང་བཟང་བའི་ཁུལ་དུ་གནས་སྤོ་བའི་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཁོང་ཚོ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པར་བརྩོན་བརྒྱ་འབད་སྟོང་གནང་ཡོད་ཅིང་། གྲོང་མི་རྡོ་རྗེ་བསམ་གྲུབ་ཀྱང་གནས་སྤོས་མང་ཚོགས་དེ་དག་ཁྲོད་ཀྱི་གྲས་ཤིག་རེད། རྡོ་རྗེ་བསམ་གྲུབ་ནི་གོ་འཇོ་རྫོང་བྱང་གསུམ་ཤང་ཕྱ་གཡག་གྲོང་ཚོའི་ཡུལ་མི་ཞིག་ཡིན་ཞིང་། 2019ལོའི་ཟླ་11ཚེས་8ཉིན་ཁོང་དང་འདྲ་བའི་གོ་འཇོ་རྫོང་དང་སྨར་ཁམས་རྫོང་གཉིས་ཀྱི་དུད་ཚང་106གི་མང་ཚོགས་520ཆབ་མདོ་ས་ངན་ནས་སྣེའུ་ཁུལ་གསར་བདེ་སྤྲོ་ཨུ་ཡོན་ལྷན་ཁང་དུ་གནས་སྤོས་པ་རེད། ང་ཚོས་རྡོ་རྗེ་བསམ་གྲུབ་ལ་སྔོན་ཆད་ཀྱི་ཕ་ཡུལ་གྱི་གནས་ཚུལ་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས། ངའི་ཕ་ཡུལ་ནི་གོ་འཇོ་རྫོང་གི་ལུང་ཁུག་ཅིག་ཏུ་གནས་ཡོད་སྟབས། འགྲིམ་འགྲུལ་སྟབས་བདེ་མེད་པས་མང་ཚོགས་ཕར་འགྲོ་ཚུར་འོང་བྱེད་པར་དཀའ་ངལ་ཧ་ཅང་ཆེ། གལ་ཏེ་གྲོང་མི་ཞིག་ལ་གློ་བུར་དུ་ནད་ལོད་པོ་ཞིག་ཕོག་ན་ལམ་སེང་སྨན་ཁང་དུ་སྐྱེལ་ཐབས་མེད། གཞན་ཡང་ད་དུང་ལུང་ཁུག་ཏུ་གནས་པའི་དབང་གིས་རིག་གནས་སློབ་གསོ་ཧ་ཅང་རྗེས་ལུས་ཐེབས་ཤིང་། ཡུལ་མི་ཚོའི་ལྟ་རྒྱ་མཐོང་རྒྱ་ཡང་ཧ་ཅང་ཆུང་བས་ང་ཚོའི་ལུང་ཁུག་ནས་ཤེས་ཡོན་ཅན་ཐོན་པ་ཧ་ཅང་ཉུང་ཉུང་རེད། མང་ཚོགས་ཚོའི་སྡོད་ཁང་དང་ཞིང་ཁ་ཕལ་ཆེ་བ་རི་འདབས་སུ་ཆགས་ཡོད་སྟབས་ཞིང་ཆུ་འདྲེན་ཐབས་བྲལ། ནམ་རྒྱུན་ང་ཚོས་གནམ་ཆུ་ཁོ་ན་བསྒུགས་ནས་སྡོད་དགོས་ཀྱི་ཡོད་ལ། མི་ཤུགས་ལ་བརྟེན་པའི་སྲོལ་རྒྱུན་གྱི་ཞིང་ལས་བྱེད་སྟངས་ཁོ་ན་རྒྱུན་མཐུད་བྱེད་པ་ལས། ཞིང་ལས་འཕྲུལ་ཆས་ཅན་མངོན་འགྱུར་བྱེད་ཐབས་ཡེ་ནས་མེད་ཅེས་བརྗོད། ང་ཚོས་ཁོང་ལ་ལྷ་སར་གནས་སྤོས་རྗེས་འཚོ་བའི་ཐད་ལ་འགྱུར་ལྡོག་གང་འདྲ་བྱུང་མིན་འདྲི་སྐབས། ཁོང་གིས་དགའ་ཚོར་ཆེན་པོས། ལྷ་ས་ནི་མི་མང་པོས་རེ་སྙེག་བྱེད་བཞིན་པའི་གནས་མཆོག་ཅིག་ཡིན་པས། ངས་རང་ཉིད་ལྷ་སར་འཚོ་བ་སྐྱེལ་ཐུབ་ཡོང་བསམ་བསམ་མ་བྱུང་། ལྷ་སར་གནས་སྤོས་རྗེས་མངོན་གསལ་དོད་ཤོས་ནི་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་པ་དང་། སློབ་གསོ་དང་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་པ། སྨན་རིན་རྩིས་ཞུ་བྱེད་བདེ་རུ་ཕྱིན་སོང་། ང་ལ་མཚོན་ན་ཕྲུ་གུ་4ཡོད་པ་ལས། ཕྲུ་གུ་རྒན་པ་གསུམ་པོ་གྲོང་ཁྱེར་གྱི་བྱིས་པ་ནང་བཞིན་སློབ་གྲྭར་འགྲོ་བཞིན་ཡོད། གཞན་ད་དུང་སྲིད་གཞུང་གིས་ང་ཚོ་མི་རེར་རྒྱ་ཁྱོན་སྨི་ངོས་གྲུ་25ཡི་ཚད་གཞི་ལྟར་སྡོད་ཁང་བཀོད་སྒྲིག་བྱས་པ་མ་ཟད། འཛིན་ཆས་ཆ་ཚང་སྤྲད་པ་དང་། ད་དུང་ལས་ཀའང་བཀོད་སྒྲིག་བྱས་བྱུང་། ང་རང་ལ་མཚོན་ན། སྡོང་ཕྲུག་འདེབས་པའི་ལས་ཀའི་ཉམས་མྱོང་དང་ལག་རྩལ་ངེས་ཅན་ཡོད་སྟབས། རང་གིས་ལས་གཏོད་བྱས་ཏེ་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་ནས་ས་ཞིང་བོགས་མར་བླངས་ཏེ་སྡོང་ཕྲུག་འདེབས་འཛུགས་མཉམ་ལས་ཁང་ཞིག་བཙུགས་པ་ཡིན། ད་ལྟ་སྡོང་ཕྲུག་འདེབས་ཁྱོན་ལ་མུའུ་50དང་། ང་དང་མཉམ་དུ་ཕ་ཡུལ་ནས་སྤོས་པའི་ལས་མི་20ཙམ་ཡོད་ཅེས་ངོ་སྤྲོད་བྱས།

    མཚོ་སྐྱིད་ནི་ཆབ་མདོ་ས་ངན་གྱི་མང་ཚོགས་དང་ལྷན་དུ་བདེ་སྤྲོ་ཨུ་ཡོན་ལྷན་ཁང་དུ་ཡོང་བའི་གཞུང་གི་ལས་དོན་པ་ཞིག་ཡིན་པས། གནས་སྤོས་མང་ཚོགས་ཚོའི་དུས་རྒྱུན་གྱི་འཚོ་བར་རྒྱུས་མངའ་ཆེན་པོ་ཡོད་པ་རེད། གསར་འགོད་པས་གནས་སྤོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ཁྲོད་དཀའ་ལས་ཆེ་ཤོས་གང་ཞིག་འཕྲད་ཀྱི་ཡོད་མེད་འདྲི་སྐབས། ཁོང་གིས། གནས་སྤོས་མང་ཚོགས་རྣམས་ཐོག་མར་ལྷ་སར་སླེབས་སྐབས་སུ། ཡུལ་སྲོལ་གོམས་གཤིས་དང་འཚོ་བ་སྐྱེལ་སྟངས་ལྷ་ས་དང་ཁག་ཁག་ཡིན་ལ་ཆུ་དང་གློག སོལ་རླངས་སོགས་སྤྱོད་མི་ཤེས་པས། བདེ་འཇགས་ཀྱི་གནས་ཚུལ་ལྷག་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཆེན་པོ་བྱུང་། ད་དུང་རྒན་རྒོན་གྲོང་ཁྱེར་དུ་འགྲོ་སྐབས་སྤྱི་སྤྱོད་རླངས་འཁོར་ལ་སྡོད་མི་ཤེས་པ་དང་། གྲོང་མི་མང་པོས་མི་སྒེར་གྱི་གཙང་སྦྲར་དོ་སྣང་ཆེན་པོ་མི་བྱེད་པ། གཞན་ད་དུང་གནས་སྤོས་མ་ཐག་པའི་སྐབས་སུ། མང་ཚོགས་མང་པོས་ཉི་མ་བསྲོས་ནས་བསྡད་དེ་ལས་ཀར་མི་འགྲོ་བ་སོགས་ཀྱི་གནས་ཚུལ་འཕྲད་བྱུང་ཞེས་བརྗོད་པ་དང་། དེ་རྗེས་ང་ཚོས་ཁོང་ལ་ད་ལྟའི་འཚོ་བ་གང་འདྲ་ཡོད་མེད་སྐོར་འདྲི་སྐབས། ཁོང་གིས། གོང་གི་གནས་ཚུལ་དེ་དག་ལ་གཞིགས་ནས། ང་ཚོ་ཨུ་ཡོན་ལྷན་ཁང་གི་ལས་དོན་པ་ཡོངས་ཀྱིས་ཁྱིམ་ཚང་མི་རེ་ངོ་རེར་སོང་སྟེ། ཁོང་ཚོར་ཆུ་དང་གློག་བེད་སྤྱོད་སྟངས་བསླབས་པ་དང་། ནམ་ཞག་རྒྱུན་དུ་གདོང་དང་། སོ། རྐང་པ་བཀྲུ་དགོས་པའི་སློབ་གསོ་བརྒྱབ་པ་མ་ཟད། གཙང་སྦྲའི་འགྲན་བསྡུར་སོགས་ཀྱི་བྱེད་ཐབས་སྤྱད་པས། ད་ལྟ་གནས་སྤོས་མང་ཚོགས་ཚོའི་གཙང་སྦྲའི་གོམས་གཤིས་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད་ལ། ཁོང་ཚོའི་བསམ་བློ་ལའང་རིམ་གྱིས་འགྱུར་ལྡོག་བྱུང་སྟེ། སྔོན་ཆད་ལྟར་ཉི་མ་བསྲོས་ནས་མི་སྡོད་པར་རང་གི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་བཞིན་ཡོད། ད་ལྟ་ངལ་རྩོལ་ནུས་ཤུགས་མང་བའི་ཁྱིམ་ཚང་འགའ་རེའི་ལོའི་ཡོང་འབབ་སྒོར་ཁྲི་20ལྷག་ཟིན་གྱི་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བ་ལྟར་ན། བདེ་སྤྲོ་ཨུ་ཡོན་ལྷན་ཁང་གིས་ད་དུང་གནས་སྤོས་མང་ཚོགས་ལ་ལས་ཀ་གང་ཞིག་བྱེད་འདོད་ཡོད་མེད་སྐོར་དྲིས་ཏེ། ཁོང་ཚོའི་འདོད་མོས་ལྟར་མ་བྱན་དང་། ཁ་ལོ་བ། གློག་བཟོ་བ། གད་པ། བདེ་སྲུང་བ་སོགས་ཀྱི་ལས་གནས་སྤྲད་པ་དང་སྦྲགས། རིན་མེད་ངང་ཁོང་ཚོར་ལས་ཞུགས་གོང་གི་སྦྱོང་བརྡར་བྱས་ཤིང་། དངོས་སུ་ལས་ཞུགས་ཐུབ་རྗེས་ཁོང་ཚོར་ཆ་སྙོམས་བྱས་ན་མི་རེར་ཟླ་རེར་གླ་ཆ་སྒོར་3500ཡོད་ལ། གནས་སྤོས་མང་ཚོགས་ལས་ཞུགས་ཐུབ་ཚད་98%ཟིན་གྱི་ཡོད་པ་རེད། བདེ་སྤྲོ་ཨུ་ཡོན་ལྷན་ཁང་གིས་ད་དུང་ཨུ་ཡོན་ལྷན་ཁང་གི་མིང་ཐོག་ནས་ཐོན་ལས་ཆེན་པོ་ཁག་ལྔ་ཙམ་གཉེར་བཞིན་ཡོད་པར། ཚོད་དཔག་བྱས་ན་འདི་ལོར་ཡོང་འབབ་སྒོར་ཁྲི་200ཙམ་ཡོང་རེ་ཡོད་པའི་ནང་40%མང་ཚོགས་ལ་བགོ་འགྲེམས་རྒྱག་རྒྱུ་དང་བརྒྱ་ཆ་60%མ་དངུལ་དུ་ཉར་ཏེ། མུ་མཐུད་ནས་ཐོན་ལས་གསར་པ་འཚོལ་ཞིབ་བྱས་ཏེ་གནས་སྤོས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་སྤྱོད་རྩིས་ཡོད་པ་རེད།

    ང་ཚོས་རྡོ་རྗེས་བསམ་གྲུབ་ལ་འབྱུང་འགྱུར་འཆར་གཞི་གང་འདྲ་ཡོད་མེད་སྐོར་འདྲི་སྐབས། ཁོང་གིས། ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་གི་ངོས་ནས། ངས་མུ་མཐུད་དེ་རང་ཉིད་ཀྱི་སྡོང་ཕྲུག་ར་བ་རྒྱ་ཇེ་ཆེར་བཏང་སྟེ། དེ་བས་མང་བའི་མང་ཚོགས་ཕྱུག་པོའི་ལམ་དུ་འཁྲིད་རྒྱུ་དང་། དབང་པོ་སྐྱོན་ཅན་དང་ངལ་རྩོལ་ནུས་ཤུགས་ཉུང་བའི་དུད་ཚང་ལ་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད། མུ་མཐུད་དེ་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་ལ་རང་ནུས་གང་ཡོད་འདོན་རྩིས་ཡོད་ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།